[A:༢༥༡]བསྩལ། དེ་སྐབས་གཞུང་སའི་སྐུ་རིམ་དོ་དམ་པར་མེས་སྲོང་རྗེ་དྲུང་ཡང་མཆིས་ཤིང༌། ཉེར་དྲུག་ནས་མགོན་མདོས་བསྐུལ་བར་མཛད་དུས་ནང་སོས་ཨར་བརྡུང་གི་མུ་སྟེ་གཉེར་དྲུང་སོགས་ལ་འཚུབ་ཉམས་ཀྱིས་འཇིགས་སྣང་ཅི་ཡང་བྱུང་བ་དང༌། དེ་ཉིན་ཕྱེད་ཡོལ་ཙམ་ལ་བཙུན་མ་སོགས་འུལ་མི་རྣམས་ལ་བཟའ་བཏུང་ཐོག འགའ་ཞིག་ཤར་ལྷོའི་གཡབ་སྟེང་ནས་གཞན་དུ་འགྲོ་འདོད་ཀྱིས་ཕོར་བ་བཟའ་བཏུང་གིས་གང་བཞིན་དུ་འགྲོ་མུར། ཤར་ལྷོའི་ཐད་དེ་ཡོམ་ཡོམ་བྱེད་པ་དང་མཉམ་དུ་གློ་བུར་དུ་རྡིབ་གཞོམ་གྱིས་ཤིན་ཏུ་ཡ་ང་ཞིང༌། སྙིང་རྗེ་ལ་ཐུགས་ཐབས་ཀྱིས་དབེན་པ་ཞིག་བྱུང་བའི་རྐྱེན་གྱིས་ཐུགས་ཀྱང་འཁྲུགས་གཞི་ཤིན་ཏུ་ཆེ་བའི་བཀའ་སྩལ་དང་བཀའ་ལན། ཐུགས་གསོ་སོགས་སོ་སོ་ནས་དགོངས་དབྱིངས་དྭངས་པའི་རིམ་པ་རྣམས་ཅི་ཡང་ཕུལ་མཐར། ས་རྡོའི་ཁྲོད་དང་དེའི་སྐྱོན་གྱིས་རྐྱེན་ལམ་དུ་སོང་བ་རྣམས་ལ་ཐུགས་པར་ཡང་བརྩེ་བའི་རྗེས་སུ་འཛིན་པའི་ཞལ་བཞེས་དང༌། དེ་རྣམས་ལ་བྱང་བུ་ལམ་སྟོན་འཕྲལ་གནང་དང༌། དེ་ནས་བཟུང་ནར་མར་ཞལ་འདོན་གྱི་སྐྱབས་འོག་ཏུ་ཆུད་ཅིང༌། ཐུགས་སྨོན་གྱིས་མཚམས་སྦྱོར་དང༌། གཞན་ཡང་མང་ཇ་སོགས་དགེ་རྩ་རྒྱ་ཆེ། ནད་པ་རྣམས་ལ་མཐུན་འགྱུར་གྱི་རྐྱེན་སོགས་དེ་དུས་སུ་མ་ཟད་རྣམ་པ་ཀུན་ཏུ་ཡང་བདག་གཟིགས་ཚེ་སྤྱན་ཆབ་གཡོ་བ་ཙམ་གྱི་སྙིང་རྗེའི་ཀུན་སློང་དང་བཅས། རླབས་ཆེན་བྱང་ཆུབ་སེམས་དཔའ་ཆེན་པོའི་མཛད་པ་ཁོ་ནས་དུས་འདའ་བ་འདི་དག་ནི། ཇི་སྐད་དུ། ཕན་པར་བསམ་པ་ཙམ་གྱིས་ཀྱང༌། །སངས་རྒྱས་མཆོད་ལས་ཁྱད་འཕགས་