[A:༡༩]འདུག་གསུངས་པ་ལན་གཅིག་མིན་པ་ཡང་ཡང་རྒྱལ་ཡུམ་མཆོག་ལ་བཀའ་བསྩལ་ཞིང༌། གཙུག་ལག་ཁང་འགའ་ཞིག་གི་མིང་ནས་སྨོས་ཏེ། འདི་ན་འདི་ཡོད་གསུངས་པའི་བཀའ་ཡང་ཡང་ཡུམ་མཆོག་ལ་བསྩལ་བ་དང༌། དེ་མཚམས་ཤིག་ནས་གཟིམ་ཤག་བདེ་ཆེན་འོད་གསལ་དུ་ཕེབས། གཞི་དགོན་བུམ་འཛིན་བྱམས་པ་རབ་བརྟན་བཟང་པོ་སྔར་ནས་ཡང་ཡང་འབྱོན་མུ་དེས་བཞུགས་གཡབ་ཤར་དུ་རྣམ་འཇོམས་སེང་གདོང་སྔོན་མོ། གུར་ཁྲོ་བཅུའི་རྗེས་གནང་སོགས་གནང་བ། བླ་མ་དེ་ར་ལོའི་རྣམ་འཕྲུལ་ཉམས་རྟོགས་ཅན་ཡིན་གསུང་ཡང༌། རྗེ་རྡོ་རྗེ་འཆང་ཉིད་དེ་དུས་གཟིགས་སྣང་ལ་རྗེ་གྲོལ་མཆོག་གི་དབུ་བླ་རྒྱ་སྒོམ་ལེགས་པ་རྒྱལ་མཚན་གྱི་སྐུ་འདྲ་བཞིན་གཟིགས་ཤིང༌། ཁོང་དཔོན་གཡོག་གིས་གང་ལ་སེར་སྣ་མ་གདངས་བརྗིད་ཆེ་བ་ཞིག་མཛད་པས། དེ་ལ་རྗེ་ཉིད་ཐུགས་ཤིན་ཏུ་འཛིན་པ་ཞིག་འཁྲུངས། དེ་དག་གིས་ཀྱང་རྗེ་ཉིད་ལ་འདི་ངའི་བླ་མ་ཡིན། ཞེས་ཐུགས་མཉེས་པོ་དཔེ་བྲལ་དུ་མཛད། སྐབས་ཤིག་འོད་གསལ་དུ་གཟིམ་ཤར་དཔེ་ཁྲིའི་ལོགས་ལ་སྤྲེའུ་ཆེན་པོ་མི་ཚད་ཙམ་ཞིག་གར་བྱེད་པ་དང༌། ཡང་ལན་གཅིག་མི་གཉིས་གྲི་རིང་ཁྱེར་ནས་རྗེ་ཉིད་ལ་མཐོ་འཚམ་བགྱིད་ཚུལ་འཁྲུངས་པ་འདི་དག་ཀྱང་མདོ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་དུ་འཚེ་བའང་མང༌། །ཞེས་གསུངས་པ་ལྟར་བར་ཆད་ཀྱི་ངོ་ཞིག་ཡིན་ནའང་ཡབ་རྗེ་སོགས་དམ་པ་གོང་མའི་ཐུགས་རྗེ་དང༌། རྗེ་ཉིད་ཀྱི་ཐུགས་བསྐྱེད་ཀྱིས་ཉེར་འཚེ་མི་མངོན་དབྱིངས་སུ་ཡལ། དེ་ཙམ་ལ་ཡུམ་མཆོག་བསྟན་འཛིན་བསོད་ནམས་བཟང་མོ་