[A:༢༠]དེ་གྲྭ་པ་བགྲེས་པོ་འདྲ་བ་ཞིག་རེས་འགའ་རྩེར་བཞུགས་ཉེར་བྱོན་ཏེ་རྗེ་ཉིད་ལ་ཐུགས་ལྷག་པར་བརྩེ་ཉམས་མཛད་པ་རྣམས་ཐུགས་ཀྱི་དཔལ་བེའུ་ཡང་དག་པར་མངའ་བ་ལགས།
དགུང་གྲངས་ལྔ་པ་ཆུ་གླང་ལོ་ཙམ་ལ་འོད་གསལ་གྱི་ངང་དུ་ས་སྐྱ་མ་བཏབ་གོང་གི་ལུང་པ་འདིའི་དབྱིབས་རྣམས་གཟིགས་ནས། འདིར་མ་འོངས་པ་ན་དཔལ་ལྡན་ས་སྐྱ་ཞེས་པའི་དགོན་ཆེན་ཞིག་ཡོང་རྒྱུ་ཡིན་དགོངས་ཐུགས་ལ་འཁྲུངས་པ་དང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་སེམས་ཅན་ཞིག་དམྱལ་བ་ནས་བཏོན་པ་དང༌། ས་ཆེན། རྩེ་མོ། ཆོས་རྗེ་ཁུར་དབོན་ཏེ་བཞི་ལྷན་ཅིག་ཏུ་གཟིགས་པ་དང༌། རྗེ་བཙུན་རིན་པོ་ཆེ་མཉམ་བཞག་གི་ཕྱག་རྒྱ་ཅན་ལ་མཆོད་པའི་ལྷ་མོས་མཆོད་པ་འབུལ་བ་སོགས་ལན་གཉིས་གསུམ་མི་འདྲ་བར་འཁྲུངས་པ་སྟེ། ཀླུ་སྒྲུབ་དང་རྗེ་བཙུན་གོང་མ་ལྔའི་ཞལ་དེ་དུས་གཟིགས་སོ། །དེ་ལོ་ཆོས་ཁྲི་ཐང་མོ་ཆེར་གསེར་ཟངས་ཀྱི་རྒྱ་ཕེབས་གནང་ངོ༌། །
དགུང་གྲངས་དྲུག་པ་ཤིང་སྟག་གི་སྟོན་ཁར་རྗེ་བཙུན་ཨ་ཎིའི་དྲུང་གིས་མགོན་པོའི་སྐུ་མཚམས་གྲོལ་བའི་སྦྱིན་སྲེག་ཚོམས་དམར་དུ་གནང་སྐབས། དྲག་ཡོལ་འགང་དཀར་མ་བཀྲམ་པ་གཟིགས་ནས། འདི་འདྲའི་ཡོལ་བ་རྣམ་དཔྱོད་ཨང་དགོངས་པ་འཁྲུངས་བྱུང་གསུངས་པ་ནི་ཕྱིས་སུ་དྲག་ཡོལ་དེར་རྩིས་ཆེན་མཛད་སྐབས་ཐོས་ལགས། དེ་ལོ་ཐུགས་ལ་དགྱེས་པའི་སྔར་གྱི་བུ་རྫི་བཀྲ་ཤིས་རབ་མཛེས་ཆུ་ནད་ཀྱིས་མནར་བས་དེ་འཚོ་བར་མཁྱེན་ཏེ།