R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༥༦
[A:༢༥༦]ཏེ་མཆོད་བསྔོ་ཡང་དག་དང༌། མཇུག་ཆོག་རྣམས་གྲུབ་ནས། མགུལ་ལ་བཀྲ་ཤིས་པའི་ལྷ་རེག་གིས་སྤྲས་ཤིང༌། རྡོ་དྲིལ་རྣམ་རྒྱལ་བུམ་པ་སོགས་བསྣམས་ནས་ཚོམས་ཆེན་དུ་རབ་སྟོན་ལ་ཕེབས་ཐོག ཞལ་ངོ་སོགས་རིམ་བཞིན་ལེགས་འབུལ་གྱི་སྐབས་འཇམ་མགོན་གཞོན་ནུས་ཕྱག་དབང་ཐོག་མ་གནང་བའི་དུས། རབ་སྟོན་ཉིན་གང་མ་གྲོལ་འཕྲལ་ས་རུབ་ཙམ་ལ་ཁ་སྐོང་སྦྱིན་སྲེག་ཚུགས་ཏེ་སྲོད་ཆེན་ལ་གྲོལ་བར་མཛད་པ་སྟེ། རབ་འབྱམས་རྒྱལ་བ་ཀུན་གྱི་དྲག་པོའི་འཕྲིན་ལས་གཅིག་བསྡུས་དཔལ་འཕྲིན་ལས་ཀྱི་མགོན་པོ་དམ་ཅན་མོན་བུ་པུ་ཏྲ་ཆེན་པོའི་སྣང་བརྙན་རིང་བསྲེལ་རྣམ་བཞི་སྤྱི་བྱེ་བྲག་གི་བདག་ཉིད་རབ་ཏུ་གནས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྒོ་ནས་ཡེ་ཤེས་སེམས་དཔའ་སྒྲུབ་པར་མཛད་པ་དང༌། བཞུགས་གནས་ནང་སོ་པུ་ཏྲ་ཁང་ཉམས་གསོ་གསར་བཞེངས་དྲག་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཅན་དུ་བསྐྲུན་པ་དང༌། གུ་རུ་རིན་པོ་ཆེའི་ཕྱག་བཟོ་ཞལ་འབག་དང༌། བླ་ཆེན་འཕགས་པའི་ཐུགས་དམ་མ་གུར་དང༌། ས་ལོའི་ཐུགས་དམ་པུ་ཏྲའི་སྐུ་སོགས་ལ་ཉམས་གསོ་ངོ་མཚར་ཅན་དང༌། ཁྲག་མཚོའི་སྣོད་ཟངས་ཆེན་བཀྲ་ཤིས་འོད་འབར་ལ་ཉམས་གསོ་བཞུགས་ཡུལ་བཀོད་ལེགས། ཡི་དམ་ཆོས་སྐྱོང་སྤྱི་དང་བྱེ་བྲག་ལས་མཁན་དབང་པོའི་རྣམ་དྲུག་རྟེན་དང་གཏོར་མ་གསུམ་ལ་སོགས་པ་རྗེ་བཙུན་ས་སྐྱ་པའི་སྡེ་བསྟན་པ་གདུང་རྒྱུད་དང་བཅས་པའི་འཐས་སུ་ཡང་དག་པར་མཛད་དོ། །ཆོག་མང་སྐབས་སུ་ནུབ་གཅིག་གཟིགས་སྣང་དུ་བུད་མེད་མཆོར་མོ་དང་ཧྲུལ་མོ་མང་པོ་ཀུན་རང་གཞས་བྱེད་