[A:༢༦༠]གཏོགས་འཛམ་གླིང་ན་མེད་པ་ཡོངས་གྲགས་འདི་ལ། སྔགས་འཆང་ཆེན་པོའི་རྟེན་བརྟེན་པར་བཅས་ལ་ཞབས་ཏོག་བླ་མེད་མཛད་ཅིང༌། ངོས་རང་གི་ཐོག་ལ་ཡང་ཕྱི་ནང་གི་སྤན་བད་ཉམས་གསོ་གསར་བཞེངས་ཐུགས་རྟེན་མཆོད་རྟེན་འཛམ་གླིང་འོད་གསལ་གསར་བསྐྲུན་བཅས་བགྱིས་ཤིང༌། ད་ལམ་གཙུག་ལག་ཁང་གི་རྩེར་བགྲོད་པའི་སྐས་རིང་ངོ་མཚར་ཅན་ཀུན་གྱི་བློར་མི་ཤོང་བ་ལྟ་བུ་ཞིག་དང༌། མདོ་སྔགས་ཆོས་ཀྱི་སྒྲ་དབྱངས་གནས་མཆོག་འདི་ནས་སྒྲོག་པར་མཚོན་པའི་རྔ་བོ་ཆེ་གསར་བསྐྲུན་སོགས་དགོས་རྒྱུའི་བཀའ་ཕེབས་བཞིན་གཟའ་ཚེས་དགེ་བ་ནས་དབུ་ཚུགས་ཏེ་རིམ་གྱིས་འགྲུབ་ཉེར། ཆོས་ཚིགས་མར་ངོ་སྔོན་འགྲོའི་དོན་ཆོས་པ་རྣམས་དཀའ་སྤྱད་སྔོན་ལ་བཏང་ནས་ལུང་རྟོགས་ཡོན་ཏན་ཕྱི་ནས་འཕེལ་བ་མཚོན་ཕྱིར། སྣྲོན་ཟླའི་ཉེར་གསུམ་ལ་སྐས་འཛུགས་དང༌། འཇིག་རྟེན་པ་རྣམས་ཡར་ངོ་སྔོན་འགྲོའི་དོན་བདེ་སྐྱིད་འཕེལ་ཡང་འཁོར་བའི་ཆོས་ལས་མ་འདས་སོ། །ཞེས་པས་ན། འདིར་བདེ་སྐྱིད་འཕེལ་ཕྱིར་ཆུ་སྟོད་ཚེས་བཞིར་དགེ་ཚ་ཤོལ་ནས་ཞལ་དྲོ་མཛད་དགོས་ཀྱི་བཀའ་བཞིན། རྡོ་སྐས་གསུམ་དང་ཤིང་སྐས་སྣ་ཞེ་གཅིག་སྔར་ཡོད་སྒོ་ཐེམ་ཐེ་བའི་ཞེ་ལྔ་མཆིས་པ་སྟེ། དེ་ལྟའི་སྐས་རིང་ངོ་མཚར་ཅད་དེ་ཐག་པ་དང་རྒྱུ་བཟོའི་འཕྲུལ་སོགས་ཀྱིས་འཛུགས་སྐབས་ཀྱང་རྗེ་ཉིད་ཀྱི་ཐུགས་བསྐྱེད་ཁོ་ནས་རྒྱུན་རིང་མ་འགོར་བར་དཀའ་ཚེགས་དང་བྲལ་བཞིན་དུ་གཟེངས་ཀྱིས་འབད་མེད་ལྷུན་གྱིས་གྲུབ། ཚེས་གསུམ་སྲོད་ཆར་ཐོག་མར་དྲོ་བཞོན་གྱིས་རྡུལ་བཅགས། ཟིལ་ཆར་གྱིས་ས་གཞི་སྣུམ་པོར་