[A:༢༦༣]པས་མགོ་འདྲེན་བདག་རྐྱེན་གྱི་བརྩེ་འཛིན་ཡང་དག་གནང༌། དེ་ནས་ཞལ་གྲོའི་ལྷུམས་ཞུགས་དུས་སྟོན་གྱི་ཐོ་རེངས་མནལ་ལམ་དུ། ཕུན་གླིང་དབང་ནུབ་བྱང་གི་ཀ་བ་འགྱུར་ནས་གཟིམ་ཆུང་ཡོངས་རྫོགས་སྐྱོན་ཡོང་ལ་ཁད་མཆིས་པས་རྗེ་ཉིད་ཀྱི་སྐུ་གཟན་སྣེ་མོས་ཀ་བ་དེ་བརྡུངས་ཤིང་བགེགས་སྐྲོད་དང༌། ཕུན་སུམ་ཚོགས་པའི་ཤིས་བརྗོད་མཛད་སོང་བས། མི་ཞིག་ནས་ད་སྐྱོན་ཡོང་བ་མེད་ཟེར་མུར་མནལ་སད། དེ་སྐབས་མཛོད་འཛིན་པར་ཡང་ལམ་རྟ་དྲེའུའི་གདང་འུར་གྱིས་འགའ་ཞིག་གི་རྐང་ལག་ལ་སྐྱོན་པ་སོགས་འཚུབ་ཉམས་དེ་དག་ཞི་བའི་བཀའ་འདོམས་དང༌། ཕུར་སྒྲུབ་སྐབས་གོང་གི་རྔ་བོ་ཆེ་གསར་བཞེངས་ལ་ཤིང་རྩི། ནང་གཟུངས། རྔ་ལྤགས། དབྱུག་གུ་ཁྲི་བཞུགས་ཡུལ་སོགས་ཕལ་ཆེར་གྲུབ་སྟེ། གསུང་བསྐུལ་གྱི་ཐོག་མར་འདར་གྲངས་མཁན་ཆེན་ངག་དབང་གིས་མཛད། དེ་ལོ་བསམ་ཡས་ཆོས་སྐྱོང་གི་ལུང་བསྟན་དུ། སྤྲེའུའི་མགོ་ཏོག་གི་རྒྱལ་མཚན་སོགས་དགོས་གསུངས་པ་བཞིན་བསྩལ། ཁྲུམས་ཟླའི་སྒྲུབ་མཆོད་ཐོག་སྟོད་སྒར་དཔོན་ཤག་བྱང་ཨེར་ཁི་ཐཱ་ཇི་འབུལ་ཆེན་དང་བཅས་པས་གང་ཅིའི་གསུང་གླེང་ཞིབ་ཆ་དང་བྱབས་ཁྲུས་བཅས་བསྩལ། དབྱུག་ཟླའི་ཆོག་མང་བདེ་ཀྱཻ་གསང་གསུམ་ཐོག་རབ་ཏུ་གནས་པའི་སྦྱོར་གནང་གི་འཕགས་པ་རིན་པོ་ཆེའི་རྣམ་ཐར་ཞལ་ཐང་གསར་བསྐྲུན་ངོ་མཚར་ཅན་དང༌། གདུང་རབས་རིན་པོ་ཆེའི་ཞལ་ཐང་གསར་བསྐྲུན། གཞན་ཡང་ཕུར་ཁང་དུ་གསར་བཞེངས་མང་པོ། ལྷ་ཁང་བྱང་དུ་འཇམ་རྡོར་བླ་བརྒྱུད་བྲིས་རྙིང་དང༌། གྲུབ་བརྒྱ་ཁམས་ཐང་སོགས་ཞལ་