[A:༢༦༤]ཕྱེ་ནས་ཆོ་ག་རྣམས་ཆུ་ལུག་ལོ་བཞིན་མཛད་དུས། སྟ་གོན་ཉིན་ཁང་གསར་དཔོན་བགྲེས་གཞོན་ལ་འཐོན་ཕྱག་ཐོག་རྗེ་ཉིད་ཀྱི་མགུལ་ལ་མཛོད་རྙིང་ཁྱད་མཚར་སྒྲོན་པ་དང༌། ལྕང་སྐྱ་རྡོ་རྗེ་འཆང་ནས་གསུང་ཤོག་རྟེན་སྤམ་མཐོ་བཅས་པའི་ཆིབས་ཟམ་བརྒྱུད་ཕེབས་པ་སོགས་རྟེན་འབྲེལ་ལེགས་ཤིང༌། དེ་དུས་ཁྱམས་སྟོད་དཀར་པོ་རྣམ་གསུམ། ཨ་མེས་ཞབས་རྣམས་ཀྱི་འདྲ་སྐུ་ས་ཞུ། ན་བཟའ་བཅས་འབུལ་བར་གནང༌། ས་བསྐོར་ཉིན་ཐོ་རེངས་སྔ་མོར་རྗེ་ཉིད་ནས་སྒོ་རྔར་ཕྱག་ནས་དུས་གསར་བཞེངས་ཐང་ཀ་སོགས་དམིགས་གསལ་འགའ་འདྲེན་གནང་གི་ཆོ་ག་དངོས་ཀྱཻ་རྡོ་རྗེ་ལ་སྦྱར་བའི་རབ་གནས་འབྲིང་པོའི་ལུགས་ལ། སྒོ་རྔ་འོད་དཔག་མེད་དུ་བསྐྱེད་དེ་རྒྱལ་ཆེན་རྣམས་ལ་རྡོ་རྗེ་ཕུར་པའི་རྒྱལ་ཆེན་ཐོ་འཛུགས་ལ་གཞི་མཛད་སྒོས་ཆོས་མ་འདྲེས་པར་སྦྱོར་གནང་དང༌། སྟག་འཛིན་གཏོར་བསྔོ་སྦགས་སྒྲུབ་སྐབས་གུར་ལྕམ་དྲལ་ལས་མཆེད་པའི་གནོད་སྦྱིན་ཡབ་ཡུམ་ལས། པུ་ཏྲ་མིང་སྲིང་སྤྲོ་བའི་པུ་ཏྲ་དང་ལྷན་ཅིག་བསྐྱེད་དེ་མཆོད་གཏོར་བསྟོད་ཕྲིན་གྱིས། གཙུག་ལག་ཁང༌། དགེ་འདུན་སྡེ། སྒོ་རྔ་སོགས་སྲུང་སྐྱོབས་ཀྱི་གཉེར་དམ་དང༌། སྦྱིན་བདག་བསྒོ་བར་སྲས་ཡུམ་རྣམས་ཕེབས་ཐོག་དྲུང་སྐྱ་སེར་གྱིས་ལེགས་སོ་བཅས་ཤར་མདའ་བཏང་ཙམ་ལ་གྲོལ་ཞིང༌། ཆོག་མང་བདེ་མཆོག་རབ་གནས་ཀྱི་སྦྱིན་བདག་བསྒོ་བར་ཡང་གོང་བཞིན་སྲས་ཡུམ་དང་ཀྱཻ་རྡོར་གསང་འདུས་གཉིས་ལ་སྦྱིན་བདག་ཕྱག་གཉེར་ནས་མཛད་དེ། ལྷ་ཆེན་སྟེང་འོག་སོགས་ནས་རིམ་བརྒྱུད་ཕྱི་བསྐོར་ལ་མེ་ཆར་ཉིལ་དུས། ནམ་མཁའ་སྤྲིན་