[A:༢༦༢]དང་བཀྲ་ཤིས་རྣམ་པར་འཕེལ། ཞེས་པའི་བར་ཤླཽ་ཀ་སོ་བཞི་རྗེ་ཉིད་ཀྱི་གསུང་དཔལ་ལྡན་ས་སྐྱ་པའི་ཆོས་སྲིད་ལ་དགེ་ལེགས་འབྱུང་བའི་ཤླཽ་ཀ་གཅིག་སྟེ་སྐས་ཐེམ་གྱི་གྲངས་དང་མཐུན་པར་མཛད་དགོངས་པ་ནི་བཀྲ་ཤིས་ཀྱི་ཚིགས་བཅད་དེ་དག་སོ་སོར་གསལ་བ་དང་རྒྱས་པ་རྣམ་ཐར་ཆེན་མོ་བཞིན་དང༌། སྐས་འགོའི་སྒོ་ནང་དུ་རྗེ་ཉིད་ཁྲིའུ་ཤིང་ལ་ཆོས་དུང་རིན་པོ་ཆེ་བསྣམས་བཞིན་པར་བཞུགས་ཏེ། ཡར་འགྲོ་ཚང་མར་ཕྱག་དབང་རྫོགས་ནས། རྩེར་ལྷ་བསངས་སྐབས་བྱ་རོག་སྣུམ་བག་ཅན་གསུམ་འོངས་ཏེ་དབུས་མའི་མཆུ་ཡས་མར་གྱིས་དཀར་པོ་བྱས་ཏེ། གསུམ་ག་རྗེའི་ཞལ་དཀྱིལ་ལ་བལྟ་བཞིན་དུ་སྐད་སྙན་སྒྲོགས་པར་བྱེད་དོ། །དེ་དུས་ཞལ་ངོ་བྱིངས་རྣམས་ཐེག་ཆེན་ཕོ་བྲང་དུ་བཞུགས་ཤིང༌། བཀའ་རམས་ནས་ཐིགས་གཡབ་ཤར་གྱི་བྱང་དུ་ཚེ་ཆོག བསྒྲིགས་པ་ཡན་གྱིས་དེའི་ལྷོར་འདུལ་ལུང་སྡེ་བཞི། འབུམ་སྡེ་ལྔ་སོགས་གསུང་སྒྲོགས། བཙུན་ཆུང་རིན་སྒང་རྣམས་ནས་ཆོས་སྤྱོད། བྱིངས་རྣམས་མཁར་ཐོག་ཁུད་ཡངས་སུ་བསྡད། དགའ་སྟོན་གྱི་སྤྲོ་ཟས་སོགས་བསྩལ་ཏེ་རིམ་གྱིས་ལྷ་ཁང་བྱང་གི་སྐས་ལ་བཏང༌། དེ་ནས་ཐེག་ཆེན་ཕོ་བྲང་དུ་ཕྱག་ནས་དང༌། མཛོད་ནག་གཏོར་སྤོད། ཕྱི་དྲོ་སྡེ་ཡངས་སུ་ཀོང་གཞས་སོགས་ལེགས་ལམ་དཔག་མེད་མཛད་པ་དེའི་ཚེ་ལྷ་ཆེན་སྟེང་གི་རྟེན་གྲགས་ཆེ་བ་རྣམས་དང༌། ཆོས་དུང་རིན་པོ་ཆེ་སོགས་ལ་སྙན་ཤལ་འདོད་གསོལ་ཅན་རེ་འབུལ་བར་མཛད། དེའི་སང་དགེ་ཚ་དང༌། དེ་མཚམས་ནས་མཛོད་འཛིན་བླ་བྲང་མཆོག་ཏུ་གཏན་ཚིགས་ཞུ་བར་ཕེབས་