R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༡
[A:༢༡]གན་དུ་ཡང་ཡང་ཕེབས་པས་རྒན་མོའི་བསམ་པ་རྫོགས། དེ་འདས་པ་གསན་པས་དམ་པ་རྣམས་ནི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ཡིན་པས་ན། སྤྱན་ཆབ་ཀྱི་རྣམ་པ་མཛད་ཅིང་སྙིང་བརྩེའི་ཀུན་སློང་བསམ་གྱིས་མི་ཁྱབ་པ་འཁྲུངས། དེའི་ཚབ་དཔལ་རྩེ་སྡེ་པས་ཞབས་ཕྱི་ཧུར་བསྐྱེད་ཀྱིས་ཞུས་ཀྱང་ཕྱིས་སུ་དེ་ཉིད་ལ་བར་ཆད་ཞུགས་ནས་གདན་ས་ཆེན་པོ་དང་ཧ་ཅང་འབྲེལ་ཆགས་པ་མ་བྱུང་བར་གླེང་ཞིང༌། གནས་གསར་རྗེ་ཕེབས་ཐེངས་གཉིས་པའི་སྐབས་སོ། ། དགུང་གྲངས་བདུན་པ་ཤིང་ཡོས་སྣྲོན་ཟླའི་ཡར་ཚེས་དགེ་ཞིང་བཀྲ་ཤིས་པའི་ཚེས་བརྒྱད་ཀྱི་ཉིན། སྐུ་ཡོན་གྱི་ཐོག་མར། ཐོན་མི་སམྦྷོ་ཊས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། ། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིགས་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་གསུངས་པ་ལྟར་གྱི་དོན་དང་ལྡན་པའི་ཀཱ་ལི་ལྗགས་ཀློག་གི་དབུ་འཛུགས་རྒྱུའི་སྔ་དྲོ་སྒོ་རུམ་གཟིམ་སྤྱིལ་དཀར་པོ་དང༌། དབུ་རྩེ་རྙིང་མའི་འཇམ་དབྱངས་གཟི་འོད་འབར་བ་མཇལ་བར་ཕེབས་པས་བསེ་མགོན་ཆེན་པོའི་སྐུ་མདུན་གྱི་ས་སྟེགས་སྟེང་ནས་རྒྱ་ཁབ་གཞན་ལས་ལྡབ་ཀྱིས་རིང་བ་ཞིག བསེ་མགོན་ཡིད་བཞིན་གྱི་ནོར་བུས་བསླུ་མེད་རྟེན་འབྲེལ་གྱི་ཆེ་བས་སྩོལ་བར་མཛད་པའང༌། རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཚན་ལ་རྡོ་རྗེ་རྣོན་པོར་གསུངས་པ་བཞིན་རྗེ་ཉིད་ཀྱི་མཁྱེན་རབ་པཱུ་ཙེའི་རྩེ་མོ་ལྟར་རྣོ་བར་འགྱུར་རོ། །ཞེས་གསུངས་པའི་ལུང་བསྟན་དུ་གོར་མ་ཆག་པས་ཁབ་དེའང་རྒྱུན་རིང་གི་བར་ཐུགས་