R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༦༦
[A:༢༦༦]བེར་དམ་དུ་བཟུང་བའི་རླབས་ཆེན་རྒྱལ་སྲས་མཆོག་གི་མཛད་པས་ཞག་འགའ་ཞིག་འདས་རྗེས་སུ། སྐྱེད་ལྷའི་ལྷོ་རི་དེ་ན་རྗེ་ཉིད་གཏོར་འབུལ་མཛད་ཀྱིན་ཡོད་དགོངས་པར། མགོན་ཁང་མདུན་གྱི་རི་གཤམ་དེ་ནས་གཟུགས་མི་མཐོང་བའི་ཌཱ་མ་རུ་སྐད་སྦམ་པོ་བརྒྱ་ཙམ་ཞིག་བསྒྲིགས་ནས་དཀྲོལ་བ་ཟིལ་ཆེན་ཞིག་འཁྲུངས། མགོ་ཟླའི་ནང་ཁལ་ཁ་དགེ་སློང་འཚོ་བྱེད་ཆུ་ནད་ཅན་ཞིག་སྐུའི་གམ་དུ་བཅར་བར་སྨན་བླའི་མདོ་ལུང་སོགས་མཛད། ཁོང་རང་གི་ལུང་པར་དགེ་ལུགས་ཆོས་དང་གཙུག་ལག་ཁང་སོགས་གསར་འཛུགས་བགྱིས་པར་བཞུགས་རྒྱུའི་རྟེན་དང༌། དགོན་མིང་སོགས་ཞུས་འབྲས་ཐུབ་དབང་གནས་བཅུའི་ཞལ་ཐང༌། སྨན་བླའི་མདོ་དུང་དཀར་སོགས་བསྩལ་ཏེ་དགོན་མིང་ཐེག་ཆེན་དབང་རྒྱལ་གླིང་དུ་འདོགས་པར་མཛད། དགེ་སློང་གི་ལུས་ཀྱང་བདེ་བར་གྱུར་ཏེ་མི་ཕྱེད་དད་པའི་ས་ལ་བཀོད། ཟླ་བ་དེ་ནས་བཛྲ་ཀཱི་ལ་ཡའི་སྒྲུབ་མཆོད་སྐབས་ཀྱི་ཞལ་འབག་གསར་བསྐྲུན་དུ་མར་རབ་གནས་ཀྱི་མེ་ཏོག་བརྒྱ་ཚར་བསྩལ་ཏེ་བྱིན་རླབས་ཀྱི་གཟི་འོད་འབར་བ་མཛད་པའི་སྐབས་སོ།། དགུང་གྲངས་ཞེ་གསུམ་དུ་ཕེབས་པ་ལྕགས་ཡོས་རྒྱལ་ཟླའི་མཇུག་ཙམ་གྱི་གཟིགས་སྣང་དུ། རྗེ་ཉིད་བལ་ཡུལ་དུ་ཕེབས་པར་སྔར་བས་བག་དྲོ་ཞིང༌། མཆོད་རྟེན་བྱ་རུང་ཁ་ཤོར་ཤིན་ཏུ་འདྲོངས་ལ་གདུགས་ཆོས་འཁོར་གསེར་ཤོག་གིས་ཕྲལ་བྱུགས་ལྟ་བུའི་དབྱིབས་ཅན་ཞིག་གཟིགས་མུར། མི་འགའ་ཞིག་ནས་འདི་ལ་ཁྱོད་རང་དྲིལ་བུ་ཞིག་ཕུལ་ན་ཐམས་ཅད་ལ་ཕན་ཐོགས་ཡོད་