[A:༢༦༧]ཟེར་བ་ཞིག་འཁྲུངས་པ་བཞིན། རྗེ་ཉིད་ཀྱི་གསུང་ལས། བདེན་མིན་ཅི་ལྟར་ཡང་ཕན་དུ་རེ་ནས་དྲིལ་བུ་གསུང་བསྐུལ་རླུང་གཡབ། ཞལ་བྱང་སྨོན་ལམ་བདེ་སྐྱིད་དཔལ་སྟེར་བཅས་ངོ་མཚར་དུ་ཕུལ་བ་ཡིན་གསུངས། དེའི་སྦྱར་བྱང་དུ། ཅེས་མ་འོངས་ལུང་བྱང་རྣམས་ལས། ལྔ་བརྒྱ་ཐ་མའི་དུས་འདིར་བལ་བོད་མི་རྟག་སྒྱུ་མའི་སྣང་ཚུལ་སྟོན་པར་གསུངས་པའི་དུས་དེར་སླེབས་པ་ལྟ་བུའི་གངས་རིའི་ལྗོངས་འདིར་མཆོད་ཡོན་དུ་མ་ཞིག་ལ་འཕོ་འགྱུར་རིམ་ཅན་བྱུང་བ་དང༌། ངེད་རང་དྲན་ནས་རང་ལོ་བཅུ་བཞི་ལོན་པ་ནས་བཟུང་བཞི་བཅུ་ཞེ་སྐོར་ལོན་པའི་བར་བལ་ཡུལ་དུ་དུས་འཁྲུགས་ཆེ་ཆུང་སྣ་ཚོགས་རྒྱུན་མ་ཆད་ཅིང༌། མཐར་རྒྱ་གར་སོགས་ཡུལ་གྲུ་གཞན་ལའང་བརྡབ་ཟིངས་ལངས་པ་ལྟ་བུ་ཤར་སྐབས་བསྟན་འགྲོ་བདེ་སྐྱིད་བརྟས་ཕྱིར་ཕུལ་བ་ཡིན། གསུངས་པའི་སྐབས་སུ། ངོ་མཚར་གྱི་རྣམ་ཐར་འདི་ལྟར་གླེང་སྟེ། དེའི་ཚེ་གཉའ་ནང་ཤོ་པ་ཟུང་གི་ཡི་གེ་ལས། འདི་ནས་བང་མི་བལ་ཡུལ་ལ་འགྲོ་སྐབས་ཡོ་མོའི་ཆུ་སོགས་འབབ་པའི་ཆུ་ཆེན་ཞིག་ལ། རོང་ཕྱོགས་ཀྱི་གྲུ་ཤིང་གཞོང་ལྟ་བུ་ཞིག་རྒྱག་དགོས་འདུག་པས་གྲུ་དེ་རྡོ་ལ་ཐུག་པ་ལྟ་བུའི་རྐྱེན་གྱིས་ཆག་ནས་བང་མི་གྲུ་མཁན་སོགས་ཆུར་ཤོར་འདུག་རུང༌། སྐྱབས་མགོན་ཁྱེད་རང་གི་ཐུགས་རྗེས་ཆུ་ཆུང་ས་ཞིག་ཏུ་བང་མི་གྲུ་མཁན་ཆག་སོགས་དང་དེ་ག་ནས་གནང་བའི་དྲིལ་བུ་བཀའ་ཐམ་སོགས་ལ་སྐྱོན་མེད་བྱུང་ངོ༌། །དྲིལ་བུ་མཆོད་རྟེན་ཆེན་པོའི་ཤར་ཕྱོགས་སུ་ཆོས་འཁོར་བཅུ་གསུམ་གྱི་གཤམ་དུ་བཞུགས་པས་གསུང་སོགས་འགྲན་བྲལ་དུ་འདུག་