[A:༢༦༨]ཚུལ་བྲིས་ནས་ཕུལ་བ་བཞིན། རྗེ་རྒྱལ་སྲས་མཆོག་གི་ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས་ཕྱི་རོལ་འབྱུང་བའི་རྐྱེན་གྱིས་ཀྱང་བརྫི་བར་མི་ནུས་པ་དེ་ལྟར་ལགས་སོ། །ཟླ་མཇུག་ཏུ་གློ་བུར་དུ་པཎ་ཆེན་ཐམས་ཅད་མཁྱེན་པ་གཙང་ཆིབས་བསྒྱུར་གྱི་གླེང་བ་དང༌། ཆིབས་ཟམ་བརྒྱུད་ལྷ་སར་ཁམས་ནས་འབྲུམ་བུའི་ནད་དོགས་ཀྱིས་ཐུགས་བསུན་པས་བསྟན་འགྲོའི་བདེ་ཐབས་གང་ལ་ཅི་འཚམས་ཞུ་དགོས། རྒྱལ་ཚབ་དམ་པ། བཀའི་གུང་བློན་ལྷན་རྒྱས་བཅས་ནས་བསྩལ་བ་བཞིན། དེ་འཕྲལ་ལྗགས་ཆུ། སྲུང་སྐུད། སྐུ་ཁྲུས་སོགས་འབུལ་གནང་དང་ཆབས་གཅིག་གང་ཅིའི་སྙན་འབུལ་ཚང་མ་མཆོད་ཡོན་བསྟན་ལ་དགོངས་པའི་ཐུགས་བསྐྱེད་ཆེར་མཛད་པས་འཕྲལ་དུ་ནད་ཐག་ཆོད་པ་སོགས། རྒྱལ་ཁམས་ཀུན་ཏུ་རྗེ་ཡི་ཐུགས་རྗེ་ལས་བྱུང་བའི་རྣམ་ཐར་སྒྲོགས་པ་ལ་གཅིག་ཏུ་གཞོལ་བར་གྱུར་ཏོ། །དེ་ནས་རྟ་ཟླའི་ནང་གི་གཏོར་སྤོད་ལེ་ཚན་ཉིན་གཉིས། ཉིན་གཅིག་ལ་བཀའ་དྲིན་ཆེ་སྟེ། ཞག་ལྔའི་རིང་རྗེ་རྡོ་རྗེ་འཆང་ནས་སྐུལ་མཁན་དང་རྡོ་རྗེ་འཆང་སློབ་དཔོན་གཉིས་ཆར་གྱི་འགན་བཞེས་ཀྱིས་བདེ་གླིང་ཕུན་ཚོགས་ཡོངས་ནས་རི་ཁྲོད་མའི་བུམ་ཆོག་རྒྱས་པ་ཚོམས་ཆེན་དུ་མཛད། འཕགས་པ་རིན་པོ་ཆེའི་རྣམ་ཐར་ཐང་སྐུ་ཞལ་གསར་བཞེངས་ཞལ་ཕྱེ་ཞིང་མཆོད་གཏོར་སོགས་རྒྱས་པ་དང༌། ཁྱད་པར་ཉེ་སྐོར་མི་ཕྱུག་ཚང་མའི་བཟའ་བཏུང་གི་ལྷག་མ་ནད་བདག་གཏོར་རྫས་སུ་བསྡུ་གནང་ཐོག་ཆོ་ག་སྨིན་གྲུབ་མཛད་དེ། ནད་བདག་དཀར་དམར་ལ་དགའ་བའི་གཏོར་རྫོང་དུས། གོང་གི་རྫས་རྣམས་གཏོར་མ་དང་ཆབས་ཅིག་ཏིང་