[A:༢༧༠]འདོམས་མང་དུ་བསྩལ་ཡང་ལྡོག་པར་མ་གྱུར་ཅིང༌། ཆུ་སྟོད་ཟླ་ནང་ཞིག་འོད་གསལ་གྱི་ངང་དུ་གནས་གསར་རྡོ་རྗེ་འཆང་དེ་ཉིད་ཡང་ཡང་ཕེབས་ནས། ཞིག་དྲག་གི་བཀའ་འདོམས་དུ་མ་མཛད་མུ་ལས་ཐུགས་དགྱེས་ཉམས་ཀྱིས་ཆོས་འཕྲོ་རྣམས་བསྟུད་མར་མ་ཚང་མེད་པར་གནང་བ་ཞིག་འཁྲུངས་པས། སྔར་མ་གསན་པའི་ཆོས་བཀའ་ཟབ་ཁྱད་ཅན་མང་པོ་ཞིག་དེ་དུས་འོད་གསལ་དུ་གསན་ཞིང༌། སྨིན་ཟླའི་ནང་རྗེ་ཉིད་ནས་ཁྲུས་སྔགས་ཀྱི་ཆུ་དང་རྫས་སྲུང་སོགས་ཉེ་སྐོར་ཀུན་ལ་བཀྱེ་གནང་དང་བསྟུན། སངས་རྒྱས་པ། རི་ཁྲོད་མའི་བུམ་ཆོག་བཅས་མཛད་ནས་ཕྱོགས་བཞིར་སྦྱངས་ཁྲུས། སྲུང་མ་སྤྱི་དང་ལྷ་མོ་རྗེ་ཁོལ་ལ་འཕྲིན་འཆོལ་བཅས་ཉིན་གསུམ་སྔོན་འགྲོའི་ཟླ་བ་ཁ་ཤས་དེ་བཞིན་ནར་མར་མཛད། མགོ་ཟླའི་ནང་གསེར་ཁར་འབྲུམ་དོགས་ཀྱི་གླེང་ཇེ་གསལ་གྱིས་གཞིས་རྩེ་སོགས་སུ་འོ་བརྒྱལ་གྱི་གནས་དང༌། ལམ་སྡེམས་ཀྱང་ཤིན་ཏུ་དམ་པ་དང༌། དེའི་ཚེ་འབྲུམ་སྲུང་དང་ཡོར་སྲུང་སྤྱན་གསལ་འཆང་བ་ཙམ་གྱིས་ནུས་པ་འཐོན་པ་བྱུང་བ་སྣང་ཞིང༌། དེར་མ་ཟད་རྒྱུན་གྱི་ཞལ་འདོན་གཞུང་སྐོང་བ་གཏོར་བཟློག་སོགས་མདོར་ན་མཛད་འཕྲིན་ཐམས་ཅད་བསྟན་འགྲོ་སྤྱི་དགོས་ཀྱི་ཕན་བདེ་སྒྲུབ་པའི་ཆེད་ཁོ་ནར་སྨིན་པར་མཛད་དོ།།
དགུང་གྲངས་ཞེ་བཞིར་ཕེབས་པ་ཆུ་འབྲུག་རྒྱལ་ཟླ་ནས་རྟ་ཟླའི་བར་ལ་བསྟན་འགྲོའི་དོན་དུ་སྐུ་དངོས་ཕེབས་ཀྱི། རྒྱལ་ཁམས་ཀུན་ཏུ་ནད་མུག་ཞི་ཕྱིར་མགོན་ཁང་ཁག་ཏུ་བསྐང་འཕྲིན་དབོ་ཟླ་ནས་ནག་ཟླའི་བཅུ་བཞི་བར་