[A:༢༧༡]ལྷ་བསངས༌། རི་ཁྲོད་མའི་བུམ་ཆོག་ཕྱོགས་བཞིར་སྦྱངས་ཁྲུས་རེས་མོས་པརྞ་ཤ་བ་རིའི་མདོ་སོགས་མདོ་ཕྲན་བཅོ་ལྔ་ཙམ། ལྗགས་ཀློག སྒྲོལ་བཟློག་རྣམ་རྒྱལ་མའི་གཟུངས་སྟོང་འདོད་གསོལ་བཀྲ་ཤིས་རྣམས་དང༌། དེ་ནས་ལྷ་མོ་རྗེ་ཁོལ་གྱི་མདོས་བསྐང་ལ་བདག་བསྐྱེད་ཕུར་ཆུང་བཅས་བཅུ་བཞིའི་ཉིན་གྲྭ་གྲངས་ཉི་ཤུ་སྐོར་གྱིས་གླུད་རྫོང་རྣམས་དང༌། མ་མོ་སྤྱི་གཏོར། རྗེ་ཁོལ་གྱི་བསྐང་གཏོར། མདོས་བཅས་བསམ་གླིང་དུ་སྤྱན་དྲངས་ཤིང༌། དེའི་ཚེ་དབང་ཁང་དུ་མདོས་སྒྲིག་རྒྱུའི་སྔ་དྲོ་བུད་མེད་དཔལ་མོ་ཟེར་བ་ཞིག་གིས་དཀར་ཡོལ་ཆེ་ལེགས་ཟུང་དང་ཆུང་བ་གཅིག་བཅས་འབྲས་དཀར་གྱིས་ཕྱུར་པོར་བཀང་སྟེ་ཕུལ་བ་དང༌། མདོས་ཚུགས་པའི་ཞག་ཤས་ནས་གདན་ས་དན་ཁྲོད་ཀྱི་བུ་མོ་འགའ་ཞིག་གི་རྩེ་དགའི་དོ་རར་རྡོ་འཇིམ་ལ་བཅོས་པའི་ལུས་རྒྱན་འཆོར་མོར་བགྱིས་ཏེ་ལྷན་འཚོག་གིས་གཙུག་ལག་ཁང་གི་འགག་དང་སྡེ་གསེབ་རྣམས་སུ་རྒྱུ་བ་སོགས། མ་མོ་མཁའ་འགྲོའི་ཆོ་འཕྲུལ་འཁོར་ཉམས་ཅི་ཡང་བྱུང་ཞིང་གྲོལ་ནས་ཞག་གསུམ་པའི་ཐོ་རེངས་འོད་གསལ་དུ། མི་ཕོ་མོ་མང་པོས་རྗེ་ཉིད་ལ་དད་འདུན་ལྷག་པར་ཆེ་བ་དང༌། བུད་མེད་གཅིག་འཆོར་གཉིས་འཆོར་བདུན་བརྒྱད་ཅིག་འོངས་ནས་པད་སྐོར་སོགས་ལུས་ཀྱི་རྣམ་འགྱུར་དོད་ཉམས་དང༌། སྐད་སྦོམ་ཕྲ་སྙོམས་ཤིང་བཟང་བས། ཚེ་དབང་ཞུ་ལ་ཕེབས་ཞེས་གླུ་དབྱངས་བླངས་ཏེ་ཁྲོམ་ལྟ་བུ་ཞིག་ལ་བརྡ་གཏོང་བའི་ལྟས་འཁྲུངས་པ་ནི། སྤྱིར་རྒྱལ་ཁམས་ནད་དོགས་མྱུར་དུ་ཞི་བ་དང༌། ལྷག་པར་ཡུལ་གྲུ་འདི་ཉིད་དུ་བདེ་འཇགས་འབྱུང་བ་དང་ཡང་སྒོས་