[A:༢༧༣]བརྗོད་མཛད་པས། དེའི་ཐོ་རེངས་ཀྱི་འོད་གསལ་དུ། རྗེ་ཉིད་ཁྱད་འཕགས་ལྷོའི་མགོན་ཁང་ན་བཞུགས་མུར། དར་ཙམ་ནས་སྲས་ཡུམ་གཉིས་ཀྱང་ཕེབས་བྱུང་བ་ལ། རྗེ་ཉིད་ནས་རྟེན་བཤད་གནང་རྒྱུ་ཡིན་དགོངས་པར་རྟེན་ཁྲིའི་སྟེང་ན་བདེ་མཆོག་ལྷན་སྐྱེས་ཀྱི་སྐུ་ཡུམ་ཕག་མོའང་སྔོན་མོས་འཁྱུད་པ་འཇིམ་སྐུ་ཁྲུ་གང་ཙམ་ཞིག་གི་བཞུགས་གདན་ཉི་དཀྱིལ་དེ་ལ། གསེར་ཡིག་དབུ་ཆེན་གྱིས། ཀ་ལིངྐའི་ཚོགས་དཔོན་གྱིས་ཕུལ། ས་སྐྱར་གདུང་བྱོན་ཡོང༌། གེགས་ཆགས་ལན་ཚན་གསུམ་མཆིས་པའི་གཉིས་མཉེལ་ཚུལ་དང༌། གསུམ་པ་ཤར་ལྷོའི་དམར་གྲིབ་ལ་འཛེམ་ཟེར་བ་ཞིག་བྲིས་འདུག་པ་དང༌། རྟེན་ཁྲི་གཞན་ཞིག་ན་ཁ་ཆེ་པཎ་ཆེན་གྱི་ཐུགས་དམ་བདེ་མཆོག་ལྷན་སྐྱེས་ཀྱི་གསེར་ཟངས་ཀྱི་སྐུ་མཁྱིད་གང་ཙམ་ཞིག་བཅས་གཟིགས་སྣང་དུ་འཁྲུངས་པ་འདི་ལ། རྗེ་རྡོ་རྗེ་འཆང་གི་བཀའ་ལས། ཀ་ལིངྒ་འདི་བདེ་མཆོག་གསུང་འཁོར་གྱི་གྲས་ལུས་ཀྱི་ཁ་ནང་མཉེ་མའི་ཁམས་སྦྱོང་བྱེད་དང༌། ཕྱི་ཤར་ལྷོའི་རྩིབས་ན་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་བ་བཅས་ཡིན་པས་བརྡ་ཚིག་གང་ཡིན་ནི་དབྱེ་དཀའ་གསུངས་པ་འདི་ལ་གནད་ཁྱད་པར་བ་ཞིག་ཡོད་སྙམ་ཡང་རེ་ཞིག་བཏང་སྙོམས་སུ་བཞག དེའི་ཚེ་འཇམ་མགོན་དབང་སྡུད་སྙིང་པོ་ཉིད་ཕུར་སྒྲུབ་ཚོགས་ཕེབས་ཐོག་མའི་སྐབས་དང༌། ཁྲུམས་ཟླའི་ཚེས་གསུམ་ལ་ལྷ་ཆེན་ནས་སངས་རྒྱས་དོན་འགྲུབ་ཆོས་ཁྲིམས་མཛད་གོང་གསུང་བརྟག་ཞུས་པའི་ཐོ་རེངས་འོད་གསལ་དུ། རྗེ་ཉིད་ལྷོ་བྱང་དགེ་འདུན་རྣམས་དང་ལྷན་དུ་བཞུགས་ཐོག་སྐུ་སང་ཞིག་མཛད་པར། མཁན་རིན་པོ་