[A:༢༧༩]འབྱོར་བས། དམ་སེལ་སྦྱོངས་ཐབས་སོགས་རིམ་གྲོ་རྣམས་གབ་སྦས་མེད་པར་བསྩལ། སྣྲོན་ཟླའི་མདོ་སྡེ་ལྷ་མཆོད་ཐོག་སྐུ་རྟེན་འཕྲིན་ལས་སམ་སྐལ་ལྡན་འོས་ཤར་སུ་ཞིག་ལ་ཞལ་གཟིགས་ཀྱང་དམ་བསྒྲགས་འཕྲིན་འཆོལ་སོགས་མཛད་དགོས་ཀྱི་གསུང་མཆིད་རྒྱལ་ཚབ་མཆོག་ཏུ་ཞིབ་ལྷོངས་དང༌། རྗེ་ཉིད་ནས་ཀྱང་བཞི་ཐོག་རྩེར་ལྷ་བསངས་རྒྱས་པ་བསྩལ་རྒྱུའི་ཐོ་རེངས། ཐུགས་ཉམས་དང་འོད་གསལ་འདྲེས་པའི་མུར། བནྡེ་གཟུགས་བཟང་གཟི་བརྗིད་ཅན་ཞིག་ཁ་བཏགས་ཐོག་ནས་གླེང་མོ་བྱེད་ལ་ཁད་ཡལ་བ་ཞིག་འཁྲུངས་པ་ནི། དཔལ་ལྡན་པུ་ཏྲ་དམར་པོ་ཉིད་ཀྱིས་འཕྲིན་ལས་གཡེལ་བ་མེད་པའི་བརྡ་དང༌། ཆུ་སྟོད་ཚེས་བཅུ་ནས་ཉིན་གསུམ་རིང་སྣོད་བཅུད་སྤྱི་དང་བྱེ་བྲག་གི་བཅུད་འཕེལ་ཕྱིར་ནོར་མཆོག་སྡེ་དགེ་ཞུ་ཆེན་རིན་ཆེན་གསུང་རབ་ལས་རྗེ་རྡོ་རྗེ་འཆང་ཉིད་དབྱངས་རོལ་སོགས་ཀྱི་དེབ་སྦྱར་ཏེ་ཐོག་མར་གནང་སྐབས། གནང་ཉིན་ཁོ་ནར་སྡེ་དགེ་ནས་ཞུ་ཤོག་རྟེན་གསེེར་དངུལ་དར་གོས་རྡོ་དྲིལ་ཌཱ་རུ་ཕྲེང་བ་སོགས་སྤམ་མཐོ་བ་འབུལ་འབྱོར་ཚང་མ་ཕྱྭ་རྟེན་གྲས་སུ་ཕྱག་རྟགས་འབུར་བ་དང༌། ཕྱྭ་སྒོ་དབྱེ་བའི་སྐབས། འཇམ་མགོན་སྐུ་མཆེད་ཡུམ་མཆོག་བཅས་ལ་ཕྱྭ་རྫས་བསྟར་ཞིང་ཞལ་འདོན་གྱི་ཚེ་རྒྱུ་མཚན་མེད་པར་ཆོས་དུང་དཀར་པོ་རྒྱང་གྲགས་ཀྱི་གསུང་རྒྱུན་མ་ཆད་པར་རྗེ་ཉིད་ཀྱི་སྙན་ཁུང་དུ་གསན་ཅིང༌། ཕྱྭ་འགུགས་གྲུབ་ནས་གོང་གི་སྡེ་དགེའི་རྟེན་རྣམས་རྒྱ་བཀྲོལ་ནས་དམར་པོ་སྐོར་གསུམ་གྱི་སྔགས་བཟླ་བར་མཛད་དེ། རྡོ་དྲིལ། ཌཱ་རུའི་གསུང་བསྐུལ་ཞིང་ཕྲེང་བ་ནི་བྱང་དར་དམར་པོས་དྲིལ་ནས་