R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༨༠
[A:༢༨༠]འདུག་པ་རྟེན་འབྲེལ་ཤིན་ཏུ་ལེགས་པར་བསྩལ། བཅོ་ལྔའི་ཐོ་རེངས་ཁྱད་འཕགས་བླ་མ་ལྷ་ཁང་གི་རིང་བསྲེལ་ལས་རིང་བསྲེལ་གྱི་ཆར་བབས་པ་འཁྲུངས་པ་དང༌། བཅོ་བརྒྱད་ཐོ་རེངས་ནས་གཡབ་འཁོར་གོས་ཡོལ་ཅན་ན་མི་མང་པོ་བདུད་རྩི་རིལ་བུར་སྒྲིལ་བར། ཉི་མ་ཞུད་ལ་ཁད་ཤར་བས། དེ་ཉིན་འབྲུག་ཆོས་འཁོར་བསོད་ནམས་ཕོ་བྲང་གི་ནང་རྟེན་རྣམས་ལ་རིང་བསྲེལ་གཙོ་གྱུར་གྱི་གཟུངས་ཞུགས་དགོས་ཚུལ་གསུངས་པ་བཞིན། དེ་ལྟའི་ལོ་རྒྱུས་དང་བཅས་སྩོལ་བར་མཛད་པའང་རིང་མིན་ནས་འབྲུག་ཕྱོགས་མེ་སྐྱོན་གྱིས་རྟེན་མང་པོ་དམིགས་མེད་དུ་སོང་བ་སོགས་དུས་གསུམ་སྒྲིབ་མེད་གཟིགས་པ་ཟེར་བ་དེ་འདི་འདྲའི་རིགས་ལ་གསུང་ངམ་སྙམ། གཞན་ཡང་ཟླ་ནང་དེར་ས་ངོར་སྡེ་གསུམ་གྱི་སྐུ་གེགས་སེལ་ཕྱིར་ཆོས་སྲུང་རྒྱ་མཚོར་འཕྲིན་འཆོལ་ལ་ཐུགས་གཞོལ་བ་དང༌། གོང་གི་གསེར་ཁྲི་རིན་པོ་ཆེའི་ཤིང་བརྐོས་ཡོངས་རྫོགས་གྲུབ་ནས། སྔོན་ཐུབ་པའི་དབང་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ཟླ་བའི་ཉེར་དྲུག་སྔོན་མ་ས་ནང་འཕྲོད་ཐོག་རྗེ་ཉིད་ཀྱི་དབུ་སྐྱེས་ཀྱི་ཕོན་པོ་གསར་པ་བསྐྲུན་སྐབས། རྡོར་བྲག་པདྨ་འཕྲིན་ལས་ཀྱི་རྣམ་ཐར་ཁ་པ་ལྗགས་ཀློག་མུར། ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ་ལོངས་སྤྱོད་དོ། །གསུང་བ་དང་མཛོད་འཛིན་ནས་སྤྱན་བདར་ཕུལ་བ་དུས་འགྲིག་ཅིང་འོ་ཐུད་བཞེས་མུ་དང༌། གློ་བུར་ཆར་ཟིམ་ཝ་ཆུ་འཐོན་ཙམ་ཉིལ་ནས་དེ་འཕྲལ་ཉི་འོད་གསལ་བ་སོགས་རྟེན་འབྲེལ་དགེ་བའི་མཚན་མ་གཉིས་པ་དང་ལོ་དེའི་གྲོ་བཞིན་ཕུར་སྒྲུབ་རྗེ་རྡོ་རྗེ་འཆང་ཡབ་སྲས་ལྷ་ཁང་མཁན་ཆེན་