R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༨༡
[A:༢༨༡]བཅས་ནས་གནས་བཅུ་ལྷ་ཁང་དུ་ཕུར་ཆ་སོགས་ཁྱད་བྱང་ནས་བཞེས་ཏེ་མཛད། རྒྱུན་གྱི་ཕུར་ཆ་རྣམས་ལ་ཉམས་གསོ་རྩི་གསོ་ཡང་ལེགས་པར་གནང༌། མ་འགྱངས་པར་ཨ་ལི་ཆོས་རྗེ་དཔོན་གཡོག་རྣམས་འབྱོར་ཞིང༌། གདན་ས་ནས་ཕེབས་མི་བླ་མ་ནས་གསུང་བརྟག་ཞུ་རྒྱུའི་ཐོ་རེངས་འོད་གསལ་དུ། ཨ་ལི་ཆོས་རྗེའི་བླ་མ་རྣམས་ལ་རྗེ་ཉིད་ནས་དུང་ཞིག་གན་རྒྱུ་ཡིན་དགོངས་ཏེ། དུང་དངུལ་ཤོག་ལ་སྐྱོན་ཅུང་ཟད་ཡོད་པ་ཞིག་གཞི་ཐོག་ཕོ་བྲང་གི་རྩེ་ནས་རྗེ་ཉིད་ཀྱིས་འབུད་པར་མཛད་པས། དེའི་སྐད་ཀྱིས་ས་སྐྱའི་ལུང་པ་ཐམས་ཅད་གང་བ་དང༌། ཀུན་དགའ་སངས་རྒྱས་ཡིན་ཟེར་བའི་མཆོད་མེ་ཤིན་ཏུ་གསལ་བ་ཞིག་མཆིས་པར། གཞན་གྱིས་གནོད་པ་བྱེད་འདུག་པས་རྗེ་ཉིད་ནས་ལེགས་པར་བཅོལ་གནང་གིས་སླར་གསལ་པོ་ཡོང་བ་ཡོད་དགོངས་པ་འཁྲུངས་པའི་འབྲས་བུའང་ད་གཟོད་མངོན་དུ་གྱུར་ཅིང༌། དབྱུག་ཟླའི་ཚེས་བཅུར་ཨ་ལི་བླ་མ་སྦྱིན་བདག་ངོ་གཡོག་རྣམས་གསུང་གསང་འདི་ལྟར་གྲོལ་ཏེ། ཨ་ལི་ཆོས་རྗེ་སྦྱིན་བདག་བཅས་རྣམས་རང་གཞན་གནས་སྐབས་མཐར་ཐུག་ཕན་བདེ་བསམ་སྟེ། སྡེ་སྣོད་བཤད་གྲྭ་བཟང་པོའི་རྒྱུན་རྗེ་བཙུན་ས་སྐྱ་པའི་བཞེད་པ་དང་མཐུན་པར་འཛུགས་འདུན་གྱིས་འདི་ནས་བླ་མ་དགོས་ཚུལ་བྱུང་བ་བཞིན་གྱི་རེ་འབྲས་དོན་སྨིན་སྤྱི་སྒོས་བསྟན་པ་རིན་པོ་ཆེར་བྱ་བ་ལྷག་པར་ཡང་བྱས་པ་འདི་ནི། རང་ཅག་རྣམས་ཀྱིས་རྙེད་པའི་མཆོག་ལེགས་པར་རྙེད་པ་སོགས། སྔོན་གྱི་རྒྱལ་བློན་ལོ་པན་བྱང་སེམས་རྣམས་དང༌། རྗེ་བཙུན་ས་སྐྱ་པའི་གོང་མའི་བཞེད་སྲོལ་དང་མཐུན་པའི་