R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༨༤
[A:༢༨༤]བརླབས་ཏེ། འབྲུ་དཀར་གྱི་ཆར་ཉིལ་བཞིན་པར་རྟག་བརྟན་གཞོམ་བྲལ་གྱི་ཁྲི་འཕངས་སུ་སྐྱབས་མཆོག་ཡབ་སྲས་རྣམས་སྐུ་གསུང་ཐུགས་ལྷམ་མེ་ལྷང་ངེ་། ལྷན་ནེར་བཞུགས་གྲུབ་པ་དང་དབུ་མཛད་ཆེན་པོས། འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པ་ནས། །མཇུག་བཀྲ་ཤིས་ཀྱི་བར་རིམ་བཞིན་བསྐུལ་ཞིང། སྤྱི་སྒོས་ནས་མང་ཇ་བསྙེན་བཀུར་འབུལ་ཆས་གཟབ་པའི་ཐོག དངོས་འབུལ་དངོས་ཐོག་ཏུ་ཕབས་པ་བསྡོམས་དངུལ་སྲང་ལྔ་སྟོང་སུམ་བརྒྱ་དང་བཞི། ཞོ་ཕྱེད་བདུན་དུ་ལོངས་པ་བཅས་མདོར་ན་དེ་ཉིན་སྲིད་ཞིའི་དཔལ་འབྱོར་ཡོད་དགུ་ཅོག་སྤྲུལ་པའི་མཆོད་སྡོང་ཆེན་པོའི་གསེར་ཁྲི་རིན་པོ་ཆེ་ངོ་མཚར་གསར་དུ་བཞད་པའི་དྲུང་དུ། མ་འོངས་སྲིད་མཐའི་བར་གྱི་རྟེན་འབྲེལ་ལེགས་ལམ་བཟང་པོ་བཅས་འཕོས་པས། བདེ་སྐྱིད་རྫོགས་ལྡན་གཞོན་ནུའི་དགའ་སྟོན་ལ་ལོངས་སྤྱོད་པའི་སྐབས་སོ།། དགུང་གྲངས་ཞེ་དྲུག་ཕེབས་པ་ཤིང་རྟ་ལོར་འགྲོ་མགོན་བསྟན་པ་སངས་རྒྱས་དང། རྗེ་ཉིད་ཀྱི་ཞབས་འབྲིང་པ་ཆེན་པོ་བསོད་ནམས་འོད་ཟེར་གཉིས་འདས་པས། སོ་སོའི་རྗེས་སྒྲུབ་གུ་རུ་རིན་པོ་ཆེ་དང་འཇམ་དབྱངས་སོགས་ཀྱི་ཞལ་བཀོད་སོགས་འཆར་འཕར་གྱི་བརྟན་མཁས་མཛད་སྒོ་རྣམས་ལ་ཐུགས་གཞོལ་བའི་མུར། གྲོ་བཞིན་ཚེས་ལྔའི་ཐོ་རེངས་འོད་གསལ་དུ། སྡེ་དགེ་མཁན་ཆེན་ཤར་ཆེན་ཞབས་དྲུང་འཁོར་བཅས་ལ་ཕག་མོ་ཞལ་གཉིས་མའི་བྱིན་རླབས་ཕུལ་ཞིང། དེའི་སྐུ་སྣང་ལ་རང་བཞིན་མེད་པ་ཟིལ་ཆེན་ཞིག་གཟིགས་པའི་མོད་དུ་དར་ཅིག་མཉམ་བཞག་ལ་འབྱམས་པར་གྱུར། དེ་ནས་