R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༨༦
[A:༢༨༦]བསྐུར་བ་བཞིན་ཕྱག་ཐོག་ཏུ་སོན་ཏེ། ཕུར་པ་བླ་མའི་འབུལ་སྐྱེས་གདོང། བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱར་ཕེབས་པ་བཞིན། དེ་ཉིན་རིགས་གཏེར་གསལ་བྱེད། ཕར་ཕྱིན་དཀའ་འགྲེལ། སྡོམ་གསུམ་ཁ་སྐོང། བདུད་རྩི་ཉིང་ཁུ་རྣམས་ཀྱི་པར་ཕུད་འདུས་ཚོགས་སུ་བསྩལ། མགོ་ཟླའི་ཉེར་དྲུག་ཆད་པའི་ཉེར་ལྔ་གཟའ་ཚེས་དགེ་བར། རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་བསྐྱེད་རླབས་པོ་ཆེས་དཔལ་ས་སྐྱར་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གཞུང་སྐྱོར་ཚེས་མཆོད་ཐོག་མར་ཚུགས་སྐབས། མ་བསྒྲིགས་རང་འགྲིག་གི་ངོ་མཚར་དུ། ཨོར་དུ་སུ་ཛ་སག་བས་སེ་ཏཱ་ལས་ཚེ་ཆེན་ཚོར་ཐུར་བཀྲ་ཤིས་ཚེ་རིང་གི་གསུང་བྲིས་རྟེན་གོས་དར་དངུལ་སོགས་སྤམ་མཐོ་བ་དང། དེ་སྲས་ཐཱ་ཇི་མགོན་པོ་རྡོ་རྗེ་བྱོན་པས་དངུལ་གྱི་མཎྜལ། དངུལ་བྲེ་ཆེན་མང་བ། ཞང་པོ་མེ་རིན་བདེ་མཆོག་གིས་ཀྱང་དེ་བཞིན་བཅས་འབྱོར་པ་སོགས་གཞུང་སྐྱོར་གྱི་ལ་ཉེ་བཟང་ཞིང་། དེ་ཉིད་རྗེ་རྡོ་རྗེ་འཆང་ཡབ་སྲས་ནས་གནས་བཅུ་ལྷ་ཁང་རྟེན་དྲུང་མཆོད་ཚོགས་གཟབ་པའི་དབུས་སུ་གོང་གི་མཎྜལ་སྣ་འདོགས་བཅས་བཤམས་ནས། རྣམ་འགྲེལ་གཞུང་སྐྱོར་ཐུགས་བསམ་རྣམ་དག་གིས་བསྐྲུན་པ་འདི། རྒྱལ་བ་བུ་རམ་ཤིང་པའི་བསྟན་པའི་གསལ་བྱེད་དམ་པར་གྱུར་ནས། སྐྱེ་དགུ་ཀུན་ལ་འཕྲལ་ཡུན་ཕན་བདེ་རྒྱ་ཆེར་འབྱུང་ཞིང། བླ་མ་ཡི་དམ་སངས་རྒྱས་རྣམས་ལ་གསོལ་འདེབས་དང་ཐུགས་སྨོན་འཕགས་པ་ཀུན་ཏུ་བཟང་པོའི་རྗེས་སུ་འགྲོ་བསྩལ་ཞིང། གཞན་ཡང་སྐུ་ཚེ་དེ་ཉིད་དུ་རྣམ་འགྲེལ་ཚོགས་དབུར་