R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༨༧
[A:༢༨༧]ཕེབས་བཞེད་ཐུན་མོང་མ་ཡིན་པའི་སྒོ་ནས། གཞུང་ཡང་ཧ་ལམ་ཐུགས་ཀྱི་བང་མཛོད་དུ་བཞུགས་པར་གྱུར་ཀྱང་ནག་ཕྱོགས་མཐུ་བདོ་བའི་དབང་གིས་ཕྱག་ཏུ་སོན་པར་མ་གྱུར་ཏོ། ། དགུང་གྲངས་ཞེ་བདུན་དུ་ཕེབས་པ་ཤིང་ལུག་རྒྱལ་ཟླ་ནས་བཟུང་འཇམ་མགོན་སྐུ་མཆེད་ལ་ཟབ་རྒྱས་ཆོས་བཀའ་རྒྱ་ཆེར་གནང་རྒྱུའི་ཐོ་རེངས་འོད་གསལ་དུ། གསེར་ཆོས་གླེགས་བམ་ངོ་མཚར་ཅན་བཀའ་འགྱུར་གྲས་ཡིན་དགོངས་པ་ཞིག་དགེ་འདུན་གྱི་སྡེའི་དབུས་ན་བཞུགས་པའི་ཕྱེད་ཙམ་ན་ཤོག་རྟགས་ཤིག་འདུག་པས། འདི་ཡན་སྔར་ཕུལ་ཟིན། འདི་ནས་ད་འབུལ་དགོས་ཡོད་དགོངས་པ་ཞིག་འཁྲུངས་པ་ནི། ད་གཟོད་བརྟགས་ཚེ་ལྐོག་གྱུར་རྗེན་གསལ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་གོ འདས་ལོའི་འཕྲོས་དང་ལོ་གསལ་འཕྲལ་རྣམས་སུ་གཞུང་ཞབས་ནས་ཆིབས་ཟམ་ཡང་ཡང་གི་རྒྱལ་ཚབ་མཆོག་སྐུ་ཅུང་ཟད་ལྟེམ་པའི་རིམ་གྲོ་སྤྱི་དང་བྱེ་བྲག་བསྐང་འཕྲིན་གནད་སྨིན་སོགས་མཛད། དེ་ནས་རིམ་བཞིན་ཞི་བ་ལྷར་ཕྱག་དཔེ་ཕོན་ཆེན་དགོས་ཚུལ། བསམ་ཡས་མཁན་པོ་སོགས་ཀྱི་སྐོར། བསེ་འབག་འདྲ་བཞེས་ཐོག་མཐའ་གསུམ། གུར་གར་སོགས་ཇི་གསུང་གི་ཐུགས་བྲེལ་རྣམས་དང། དབོ་ཟླའི་བཅུ་བཞིའི་ཐོ་རེངས། སྐུ་རིམ་ཆེན་མོའི་ཟོར་ལས་པ་རིན་ཆེན་ཡར་འཕེལ་གྱིས། མཆོད་ཞིང་བྱ་ཁྲ་མའི་ལམ་དང་མཉམ་པའི་ལྟས་ངན་སེམས་ཅན་རིང་མོ་ཞིག་དུམ་བུར་གཏུབས་པ་དང། ཡང་མི་ཞིག་གི་འཕྲོས་ལས། རིན་ཆེན་ཡར་འཕེལ་ནས་ས་སྐྱར་རྦོད་གཏོང་བྱེད་མི་དེ་