R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༨༨
[A:༢༨༨]བསད་ཚར་བས་ཁྲག་སྐུ་གཉེར་ཁང་དུ་འཐུངས་ན་དམར་དྲི་ཡོང་འདུག་པས། མགོན་ཁང་དུ་ཁྲག་རྫ་ཆུང་གང་འཐུང་བ་ཡིན་ཟེར་ཁ་དམར་དྲི་ཆིལ་ལེ་སླེབ་བྱུང་ཟེར་བ་ཞིག་འཁྲུངས་པས། བཀའ་ལས། འདི་ནི་ངེས་པར་བསད་རྟགས་ཚད་ལྡན་རང་ཡིན་འདྲ་བས་དམ་ཅན་པུ་ཏྲ་ཉིད་ཀྱིས་གནོད་བྱེད་བསྒྲལ་ལམ་སྙམ། ཞེས་གསུངས། ནག་ཟླའི་ནང་སྡེ་དགེ་བཟང་ངན་བླང་དོར་གྱི་ལྟས་ཆེད་དུ་བཟུང་གནང་གི་ཐོ་རེངས། གསང་འདུས་མི་བསྐྱོད་པ་རྡུལ་དཀྱིལ་ཟབ་བྲིས་ཐོག་ནས་གཞན་ཞིག་ལ་དབང་བསྐུར་མཛད་རྒྱུ་ཡིན་དགོངས་པ་དང་། གཞན་ནས་དཀྱིལ་འཁོར་དེ་དྲུང་དུ་ཚེ་བརྟེན་གྱིས་མཚོན། འབྲེལ་ཐོག་ལ་བསྔོ་བ་ཞུ་དགོས་ཟེར་བ་ཞིག་འཁྲུངས་པས་བཀའ་ལས། དཀྱིལ་འཁོར་ཟབ་བྲིས་དེ་ནི་དགེ་བའི་མཚན་མ་དང་། བསྔོ་བ་ཞུ་དགོས་ཟེར་བ་ཅུང་ཟད་འཚུབ་ཉམས་བཅས་རིམ་གྲོས་འཁྱོར་ན་སྐྱོན་ཆེར་མེད། དེ་ལས་གཞན་དུ་གྱུར་ན་དེ་བཞིན་འབྱུང་ངོ་ཡིན་འདྲ། ཞེས་གསུངས་ཏེ། གཙུག་ལག་ཁང་རྣམས་སུ་མཆོད་འབུལ་རྒྱ་ཆེར་ཐུགས་སྨོན་གྱི་མཚམས་སྦྱོར་དང་བཅས་པ། སྦྱིན་སྲེག་སྤེལ་ཚིག སྡེ་བཞི་དགེ་བཅུ་འཛོམས་པའི་སྣོད་བཅུད་གཙོ་ཕལ་ལ་འཕྲལ་རྐྱེན་ལས་གྱུར་པའི་བྱུར་དང་སྐལ་བ་ངན་པ་བཀྲ་མི་ཤིས་པའི་ནད་གདོན་ཉེར་འཚེ་ཐམས་ཅད་ཤིནྟི་ཀུ་རུ་སྭཱ་ཧཱ། ཞེས་སྦྱོར་བར་མཛད། ཚེས་བརྒྱད་ཀྱི་ཉིན་སྡེ་དགེ་རྒྱལ་སྲས་དམ་པས་མཚོན་གང་ཅིའི་ལེགས་སྤེལ་རྟེན་འབྲེལ་སྒོ་བརྒྱ་དབྱེ་ཕྱེར། སྐུ་གསུང་ཐུགས་རྟེན་གྱིས་མཚོན་དངོས་འབུལ་གྱ་ནོམ་པ་དང་། དུས་གསུམ་ཕྱི་ནང་གསང་བའི་བཀའ་ཚིག་