R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༨༩
[A:༢༨༩]གསུང་ཤོག་ཏུ་འཁོད་པ་དང་། སྐུ་ཚབ་ངག་ལམ་ནས་ཀྱང་འབུལ་རྒྱུ་བཅས། མགྲོན་དཔལ་ཆེད་མངགས་ཀྱིས་མདོ་སྨད་ཕྱོགས་ལ་འཐོན། གཞན་ཡང་དེ་ལོ་ཕྱི་ལོ་སོགས་ལ་སྡེ་དགེའི་ཆོས་སྲིད་དར་བརྟན་འབྱུང་ཕྱིར། ལྷ་བསངས་སྨེ་བརྩེགས། དེའི་གྲིབ་གླུད། བརྒྱ་བཞི། ཕྱྭ་ཕྲིན། ཚོགས་བདག ཀྱཻ་རྡོར་ལས་བཞིའི་སྦྱིན་སྲེག མགོན་ཁང་རྣམས་སུ་བསྐང་འཕྲིན། ཕུར་བཟློག དྲུག་ཅུ་པ་མཆོད་འབུལ། གསུང་སྒྲོགས་སོགས་ནར་མར་མཛད་ཅིང། གཞན་ཡང་ས་ངོར་སྡེ་གསུམ་གྱི་སྐུ་རིམ་དུ་བདུན་ཕྲག་གཅིག་རིང། ཀྱཻ་རྡོར་བདག་མདུན་གཏོར་བསྔོ་བསྐང་བ་བཅས་གནད་སྨིན་དུ་མཛད་པའི་ཚེ། ཐོ་རེངས་ཞིག སྡིག་པ་རྭ་ཅན་ཁྲུ་གང་ཙམ་ཞིག་རྗེ་ཉིད་ནས་བསྒྲལ་བས། དེའི་ཁོག་ན་གློ་སྙིང་ནང་ཆ་ཐམས་ཅད་དམར་མྱོག་གེ་གཟིགས་ཤིང། ཤི་བའི་རོ་དེའི་རྭ་དང་རྐང་ལག་རྣམས་ཀྱིས་ཉིད་ཀྱི་ཞབས་ཕྱི་ཞིག་ཐིམ་ཉམས་འཁྲུངས་ཤིང། ཡང་མགོན་མདོས་ཤིག་མཛད་པའི་ཚེ་འོད་གསལ་དུ། སི་ཏུ་ཀརྨ་ཆོས་འབྱུང་དཔོན་གཡོག་དང་མཇལ་བས། རྗེ་ཉིད་ནི་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ལ་དད་པ་དག་སྣང་རྒྱུན་དུ་བཅོས་མིན་བསྒོམ་པའི་བག་ཆགས་ཀྱིས་གསུང་གླེང་སྣ་ཚོགས་དང། ཁྱད་པར་རིག་གནས་སྐོར་གསན་ཡུལ་སོགས་དྲི་བ་མཛད་པའི་ལན་གསུང་སྐབས། ཁོང་གསུང་འགགས་སྐུ་དྲང་པོར་བཞུགས་མི་ཐུབ་པའི་མུར་ཤངས་གཡས་ནས་ཁྲག་དམར་ཉིལ་གྱིས་བྱུང་བར། ཁོང་གི་ཞབས་ཕྱི་རྣམས་ཁ་སྐྱེངས་ཉམས་དང། གཞན་ཞིག་ནས་འདི་དམ་སེལ་རྟགས་ཡིན་འདུག་ཟེར་བར། རྗེ་ཉིད་ནས་དེ་མ་ཐག་ཁོང་