R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༩༠
[A:༢༩༠]ལ་ཕན་རེ་ཨོཾ་ཨེ་ཧོ་ཤཱུདྡྷེ་སོགས་འདོན་པར་མཛད་པ་འཁྲུངས་པས། བླ་མ་འདི་ལ་གཞིས་བྱེས་ཀུན་ཁ་གཏོང་བ་དེ་བདེན་པ་ཨེ་ཡིན། ཞེས་གསུང་བ་སོགས་དངོས་སུ་ལྟ་ཅི། མནལ་ལམ་གྱི་ཚུལ་དུའང་རྗེ་དེས་བྱང་ཆུབ་ཀྱི་སེམས་དང་འབྲལ་བར་མ་མཛད་ལགས། དེ་ནས་ཆུ་སྟོད་ཉེར་དྲུག་ལ། གོང་མེ་ཁྱི་ཙམ་ལ་རྗེ་ཉིད་ཀྱིས་བསྟན་ལ་གཅིག་ཏུ་དགོངས་ཏེ། གཉལ་གྱི་རྡོ་མོན་པ་ཐང་གི་མགོན་ཁང་ན་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་བཟོ་མ་གུར་མགོན་གྱི་འཆམ་སྐུ་སུམྦྷ་ནག་པོར་གྲགས་པ་མལ་ལོས་རྒྱ་གར་ནས་གདན་དྲངས་ཟེར་བ་དེ་ཡོད་མིན་རྒྱལ་ཚབ་དེ་མོ་གོང་མར་རྩད་གཅོད་གནང་དགོས་ཞུས་དོན་བཞིན་དང་བཞེས་ཀྱིས། གྲི་གུ་རྫོང་དཔོན་མེར་མོ་ནས་ལ་རྩད་གཅོད་དགོས་བཀའ་བསྩལ་ལྟར། དེས་ཀྱང་ཤིན་ཏུ་ཞིབ་བྲིས་གནས་ཚུལ་ཞབས་པད་དུ་ཕུལ་བ་ངོ་མ་གདན་སར་བསྩལ་བ་ལས། སྔར་ཡོད་དུས་ཞིང་བསྐོར་རེ་ལ་གདན་འདྲེན་ཞུ་སྲོལ་གྱིས། སྐབས་ཤིག་ཉིན་མོ་ས་རུབ་པ་སོགས་འཚུབ་འགྱུར་ཆེན་པོ་བྱུང་སྐད་དང། དེ་ནས་མགོན་ཁང་རྡིབ་གཞོམ་གྱིས་ས་འོག་ཏུ་ཤོར་ནས་མ་ཐོན། ཞེས་དྲན་པ་ལུང་པ་དེ་ན་རྒན་མོ་ཞིག་ལས་མེད་ཚུལ་དེ་ཡོད་རྣམས་ཀྱིས་སྨྲས་པས། སླར་ཁུངས་རྡོལ་མིན་ལ་གན་རྒྱ་འཇོག་ནུས་སམ་དྲིས་པས་ནུས་ཟེར་ནས་བཞག་སོང་ཟེར་བ་ཕུལ་ཡང་ཕྱིས་སུ་ཁུངས་རྡོལ་ཏེ་འཆམ་སྐུ་གསང་སྔགས་དགའ་ཚལ་དུ་ཕྱག་འབྱོར་གྱིས་འདྲ་བཞེས་གཉིས་པ་ས་སྐྱར་ཤིང་ལུག་ཆུ་སྟོད་ཟླ་ནང་གསང་སྔགས་དགའ་ཚལ་གྱི་ལྷ་བཟོ་བ་ཞི་བ་བཟང་པོའི་གདོང་བསྩལ་བཞིན། བརྩེ་ཆེན་ལྷ་ཁང་དུ་གདན་འདྲེན་