R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༩༣
[A:༢༩༣]གི་ཞར་ལ་མཆོད་ཞིང་གསར་པ་བདེ་ལེགས་དཔལ་འཕེལ་ལ་ཤིས་བརྗོད་མེ་ཏོག་གི་ཆར་བསྙིལ་ནས་ཕེབས་རྗེས་སུ། ཆགས་ལུག་རྣམས་ཡོང་བ་དང། རྡོ་གཅལ་ནའང་ངོར་ཀླུ་ལྡིང་དཔོན་གཉེར་ནས་ཚེ་ཐར་དུ་ཕུལ་བའི་ལུག་རྣམས་མཆིས་པའི་རྗེ་དགྱེས་པའི་གསུང་ལས། གཡང་དཀར་ཕྱི་ནས་ཡོང་བ་དང་ནང་ནའང་སླེབས་པ་བཅས་ལོ་ལེགས་ཡོང་ཞེས་གསུངས། དེ་ནས་ལ་འུར་སྨན་ཆབ་ལ་ཕེབས་པའི་ཡར་ལམ་སྐྱེད་ལྷས་གསུང་བསྐང་ཐོག ངོར་པ་བསམ་པ་ཕྱིན་ཅི་ལོག་འཆང་བ་འགའ་ཞིག་གིས་ཡི་གེར་བཀོད་པའི་ཚིག་གནད་ངན་པ་རྣར་ཉན་མི་འོས་པ་ཟེར་མཁན་དེའི་བསམ་པ་བཟང་པོར་སྐྱེ་བའི་འཕྲིན་འཆོལ་མཛད། སྨིན་ཟླའི་ནང་ཆིང་ཝང་གི་མི་སྣ་བོད་ལ་ཨེལྫི་སོག་པོར་སོང་བ་སོགས་དང། སྡེ་དགེ་ནས་ཀ་ལུང་དཔོན་གཡོག ཨ་མདོ་བ་མ་ཚང་བཅས་ལ་གང་འཚམ་བདག་རྐྱེན་དང། མགོ་ཟླའི་ནང་མཚོ་སྔོན་ཛ་སག་དགའ་ལྡན་ཨེརྑ་དྲ་ཆིང་ལའང་ཚེ་དབང་སོགས་ལུགས་ཟུང་གིས་སྐྱོང་བར་མཛད་ཅིང། དེ་ལོ་ཚེ་ཆོག་ཇི་སོང་སྡོམས་པར་མཛད་པས། ཚེ་ཆོག་ངོ་གྲངས་ཆིག་སྟོང་བཞི་བརྒྱ་དང་གཅིག གཟུངས་རིང་སུམ་འབུམ་དྲུག་སྟོང་ཆིག་བརྒྱ་ང་གསུམ། སྙིང་པོ་ཉེ་སྙིང་སོ་སོ་ནས་བཞི་འབུམ་ལྔ་ཁྲི་ཉིས་སྟོང་ཉིས་བརྒྱ་ཞེ་གཉིས། རིགས་ལྔའི་སྔགས་བཞི་ཁྲི་ཉིས་སྟོང་བཅུ་གཅིག ལས་སྔགས་ཆིག་འབུམ་དྲུག་ཁྲི་བརྒྱད་སྟོང་ཆིག་བརྒྱ་གོ་གཅིག་བཅས་སྦྲུལ་རྟ་ལུག་གི་ཁོངས་སོང་བར་གྱུར་ཏོ། ། དགུང་གྲངས་ཞེ་བརྒྱད་དུ་ཕེབས་པ་མེ་སྤྲེལ་ལོ་རྒྱལ་ཟླའི་ཚེས་ལྔར་