R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༩༢
[A:༢༩༢]འཛིན་ཁ་ཆེ་པཎ་ཆེན་གྱི་ལོ་རྒྱུས་ལྟར། རྗེ་ཉིད་ཀྱིས་ཐོག་མའི་རྟེན་འབྲེལ་དེ་དག་ལ་གནོད་པར་དོགས་ནས་ནང་གི་གནད་ཀྱི་རྒྱུ་བ་འགོག་པར་མཛད་པ་ནི་གོར་མ་ཆག་ཅིང། དེ་ལྟ་བུའི་སྲི་གནོན་དེ་བན་ཚང་པས་མཛད་པའི་རྒྱུ་མཚན་ཡང། སྔར་འབྲུག་ལོ་འཇམ་མགོན་དབང་སྡུད་སྙིང་པོ་འདི་ཉིད་ཕུར་སྒྲུབ་ལ་ཐོག་མར་ཕེབས་སྐབས། དྲུག་པའི་མཇུག་ནས་བདུན་པའི་འགོ་ཞག་ཤས་བར་ཀུན་རྫོབ་ལྟར་སྣང་དང་བསྟུན་རྗེ་རྡོ་རྗེ་འཆང་ཉིད་གློ་བུར་ཐོར་པ་འདྲ་བ་ཞིག་གིས་སྙུན་ཚུལ་བཞེས་པས། དེ་ལྟའི་སྲི་ངན་བཟློག་ཕྱིར་མཛད་པས་རྟེན་འབྲེལ་ཡང་ལེགས་ཏེ། སྲི་གནོན་ལས་སྦྱོར་དངོས་མཛད་དུས་མི་གཟབ་མཆོར་ཅན་གློ་བུར་དུ་ལྷགས་ཤིང། འབྱུང་བ་རིམ་བརྩེགས་རྣམས་ཀྱང་རྡོ་རྗེ་འཆང་སློབ་དཔོན་དེས་རྣམ་འགྱུར་ཐོན་པོས་གཞན་ལས་རྔམ་ཟིལ་ཆེ་བ་དང། མནན་གྲུབ་མ་ཐག་ལྷོ་ཕྱོགས་ནས་འབྲུག་སྐད་སྙན་པ་ཚར་གཅིག་བསྒྲགས་ཤིང། སྒྲུབ་ཁང་དུ་འབྱོན་སྐབས་རྒྱལ་སྒོ་ནས་བཙུན་ཆུང་ཞིག་མེ་ཏོག་ཁ་གསར་སྤར་གང་ཐོགས་ཏེ་ཁྱམས་སྟོད་ཕྱོགས་ལ་ཤར་གྱིས་སོང་བ་དང། ཟིམ་ཆར་གྱིས་ས་གཞི་བརླན་པ་སོགས་མཚན་མ་བཟང་ལ་ཞལ་གྲོ་བ་ཞིག་མཆིས་པས། སླན་ཆད་ཀྱང་དགོངས་པར་འཁྱིལ་དགོངས་པའི་གྲས་དང། ཕུར་སྒྲུབ་གེགས་མེད་དུ་གྲུབ་ནས་ཁྲུམས་ཟླའི་ནང་ཚ་རོང་པའི་སྲས་གཞོན་ནུ་ལོ་བཅུར་བྱོན་པ་སྨན་བླ་ཕུན་ཚོགས་པས། རྒྱུད་བཞི་རྒྱུགས་འབུལ་གྱི་ཤོག་གྲངས་སུམ་བརྒྱར་ཉེ་བ་རྗེ་ཉིད་ནས་བཞེས་པ་བཅས། དུས་ཕྱིས་མཁྱེན་རབ་ཀྱི་དཔེར་འོས་པ་ལྟ་བུ་དང། བསམ་གླིང་གཏང་རག་