R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༠༡
[A:༣༠༡]འཆམ་དྲེགས་པ་ཟིལ་གནོན་ལྕམ་དྲལ་ངོ་མཚར་ཅན་འདི་གཉིས་གསར་བསྐྲུན་མཛད་རྒྱུའི་བཀའ་གསང་ལྷ་བཟོ་ཚུལ་ཁྲིམས་བཀྲ་ཤིས་ལ་གྲོལ་ནས། ཉེར་དགུར་སྐུ་རུ་བྱིན་སྣེ་ཁྱད་པར་རྣམས་དང། རས་གོས་ནག་པོ་སོགས་ལ་བྱིན་རླབས་མཛད་སྐབས་གློ་བུར་དུ། ཨ་ཙ་ར་བཞི་དགའ་ཉམས་དང་བཅས་འབྱོར་བའི་ནང་ཚན་བྷེ་ཏ་གྟེ་རི་ཟེར་བ་ཞིག་གིས་རྗེ་ཉིད་ལ་རཀྴའི་ཕྲེང་བ་ཕུལ་བ་སོགས་ལ་ཉེ་ཤིན་ཏུ་བཟང་བའི་དབུ་ཚུགས་ཤིང། དེ་རྣམས་ལ་ཡང་གསེར་གྱིས་མཚོན་མཁོ་དགུ་གྱ་ནོམ་པ་བསྩལ། དེ་ཙམ་ལ་གཞུང་ཞབས་རིན་པོ་ཆེར། གསེར་ལྗང་བརྡུང་གི་བུམ་པ་འདི་ཟུང་དང། དངུལ་གྱི་མཎྜལ་ཆེ་ལེགས། རྫས་བརྒྱད་སྣ་བདུན་རྣམས་འདོད་འཇོ་དཔལ་རྒྱས་སུ་བརྩེ་སྐྱོང་ཞུས་དོན་རིམ་གྱིས་སྨིན་ཅིང། འཇམ་མགོན་སྐུ་མཆེད་མེ་བྱ་རྟ་ཟླར་ཆོས་ཁྲི་འཁོར་ལོ་གསུམ་ལྡན་དུ་ཆེ་འདོན་བཀའ་དྲིན་ཆེ་རྒྱུར་ངེས་པའི་བརྡ་འགྲེམས་ཞུ་སྲོལ་བཞིན། གཞུང་ཞབས་རིན་པོ་ཆེ་སྙན་སྒྲོན་དང། ཆུ་སྟོད་ཡར་ཚེས་ནས་དབུ་རྩེ་རྙིང་མར་དེའི་བྲིས་མགོན་དང་གསར་བཞེངས་འབུར་སྐུའི་དྲུང་གཏོར་འཛུགས་ཀྱིས། བསྐང་འཕྲིན་ཆག་མེད་དང་བཅས་འཆམ་སྐུའི་ལས་གྲྭ་ཚུགས། དེ་ནས་འཆར་འཕར་གྱི་ཐུགས་བྲེལ་རྣམས་ལ་གཞོལ་བའི་མུར་སྨིན་ཟླའི་བཅུ་དྲུག་ནས། ས་ཚོགས་ཇོ་དར་ཆེན་མོར་ཉམས་གསོའི་ཞལ་བཀོད་ངོ་མཚར་ཅན་འདི་ཉིད་མཛད་ནས། གཏིང་དུ་བུམ་གཏེར་དགུ་སོགས་དང། སྟེང་གི་རྒྱལ་མཚན་ལ་རྣམ་བཞིའི་རིང་བསྲེལ་གྱིས་ཕྱུར་པོར་གཏམས། མགོ་ཟླའི་ཚེས་གཅིག་ནམ་ཟིར་རྒྱ་དཀར་ནག་སྟེང་ནས་