R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༠༢
[A:༣༠༢]རྗེ་རྡོ་རྗེ་འཛིན་བན་ཚང་པའི་འཁོར་ཚོགས་བཅས་ནས། ཇོ་དར་རྒྱལ་མཚན་འཛུགས་ཆོག་ཕྱག་ལེན་རྣམ་དག་གིས་བསྒྲུབས་པ་དེ་ལྟ་བུའི་ཇོ་དར་དེར། སྔོན་དུས་བླ་ཆེན་ཁམས་གསུམ་དབང་སྡུད་འཕགས་ཆེན་བློ་གྲོས་རྒྱལ་མཚན་ལ། གོང་མ་སེ་ཆེན་གོ་པེ་ལས་གོས་དར་ལྔ་ཁྲི་དགུ་སྟོང་ཕུལ་བའི་ཕུད་མཚོན་ཕྱིར། གོས་ཇུས་དཀར་པོའི་དར་ཅོག་དང་། དར་ཚོན་སྣ་ལྔའི་ཡུག་ཆེན་སྲིད་ན་རིང་བ་དཔལ་ས་སྐྱ་དུས་མདོས་གཟབ་མ་དང་། གདུང་རྒྱུད་ཁྲིར་ཕེབས་སྐབས་ལེགས་པར་འཕྱར་རྒྱུའི་ལོགས་ལ་འདོད་གསོལ་ཅན་དུ་མཛད་དོ། །དེ་ནས་ས་ཚོགས་ཁྲི་ཆེན་མདུན་དུ་གུར་ཆེན་བསམ་འགྲུབ་ཕོ་བྲང་ཕུབ་པའི་ནང་གི་གདུང་ལ་ནོར་བུའི་དྲ་ཕྱེད། འཁོར་མོར་འཕགས་པའི་རྣམ་ཐར་ཐང་ཀ་ཁྲི་ཁང་བྱང་སྐྱར་གདུང་རབས་ཐང་ཀ རྗེ་བཙུན་ས་སྐྱ་པའི་གདུང་རབས་སྲིད་མཐའི་བར་ཆད་མེད་འབྱོན་པའི་རྟེན་འབྲེལ་གྱི་ཆེད་དུ། དུས་མཆོད་ནས་བདག་ཉིད་ཆེན་པོ་བཟང་པོ་དཔལ་མཆོད་ཕྲེང་སོགས་སུ་སྔོན་འགྲོའི་སྒོ་ནས་གདན་དྲངས། གཞན་ཡང་བཀའ་བསྟན། ས་སྐྱ་བཀའ་འབུམ། དབང་ཁང་ནས་བདེ་གཤེགས་མཆོད་རྟེན་བརྒྱད། ཚེ་བུམ་བཅུ་གཅིག་སོགས་དང་། མཐའ་བསྐོར་དུ་སྣ་ལྔའི་མཆོད་ཚོགས་དང་བཅས་བཅོམ་ལྡན་འདས་སྙིང་པོ་ཀྱཻ་རྡོ་རྗེའི་རབ་གནས་སྒྲུབ་ཞག་ལྔའི་གྲོལ་ཉིན་སྦྱིན་བདག་བསྒོ་བར་ཞལ་ངོ་རྣམས་དང་། ཕྱག་གཉེར་སོགས་ཕེབས་ཤིང་། ཆ་ཞབས་ཁམས་དྲུང་ནས་གཞས་བཅས་ཕྱི་བསྐོར་ལ་མེ་ཏོག་འཐོར་བར་མཛད་ཚུལ། ཡང། ཆོས་ཁྲི་སྐོར། དེ་ནས་འཆམ་ཁང་སྟེང་བརྒྱུད་ཀ་བཞི། ཀ་དྲུག་འཕེལ་རྒྱས་