R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༠༥
[A:༣༠༥]འོངས་པའི་གདུང་རྒྱུད་རིམ་བྱོན་ལ་དགོངས། དེ་སྐབས་ཀྱི་སྔ་ཕྱི་བར་གསུམ་གྱི་དེབ་དང་། ཐོ་གཞི་གསར་སྒྲིགས་སོགས། དེང་སྐབས་ཀྱང་མི་ཕྱེ་བ་ལྟ་བུ་སྣང་བ་ཀུན་ཤེས་འདི་དག་ནང་བཞིན་དང་། འདི་ལོ་འཆམ་སྐུ་གདན་འདྲེན་སྐབས། དབུ་རྩེ་ནས་དྲེགས་ཟིལ་ལྕམ་དྲལ་གདན་འདྲེན་དང་། འཚམས་ཇ་ཉུང་སྐྱོན་གྱིས་དེ་ལོ་ནས་བཟུང་ཉེན་ཆས་དང་གྱོང་ཆས་གཉིས་ཆར་ལ་འཆམ་ཇ་བརྒྱད་རེ་སྤོར་གནང་དང་། སྐོལ་སྣོད་ཁྲོ་ཆེན་ལ་དཀར་གཡའ་བྱུགས་པ་སོགས་ཀྱི་ཞལ་བཀོད་དང་། ཁྲི་ཕེབས་སྐབས་རྗེ་རྡོ་རྗེ་འཆང་ཉིད་ཀྱང་ཆོས་ཁྲི་སྟེང་གི་ལྷ་ཁང་འཆི་མེད་ཡང་རྩེར་གཙུག་ཏོར་དྲི་མེད་ཀྱི་སྒྲུབ་མཆོད་དང་། དངོས་གཞི་རབ་གསལ་ལྷོ་ཡི་འགུག་ཏུ་ཆོས་གསན་ལ་ཡང་ཕེབས་པ་བཅས་སྔར་སྲོལ་ལས་འཕར་བ་བཅས་ཀྱང་མཛད་པ་དེ་དག་ཀྱང་རྣམ་ཐར་བསྡུས་པ་ལས། སྔགས་འཆང་ཆོས་རྗེ་ཨ་མེས་ཞབས་སོགས་ཀྱི། །མཛད་བཟང་རྗེས་སུ་སློབ་པའི་ཐུགས་བསྐྱེད་ལྟར། །ཚོགས་ཕེབས་གདུང་རིགས་སྤེལ་དང་དེབ་སྒྲིགས་སོགས། །ངོ་མཚར་ཕྱག་རྗེས་སྲིད་མཐར་གསལ་ལ་འདུད། །ཅེས་གསུངས་པ་ལྟར་རོ། །དེ་ནས་རིགས་སྲས་དམ་པ་ཞལ་རྣམ་པ་གཉིས་རྒྱལ་ཚབ་མཆོག་ཏུ་མངའ་གསོལ་གེགས་མེད་དུ་གྲུབ་ནས། རྟ་ཟླའི་ཉི་ཤུ་སྐོར་ལ་རྒྱལ་གསུང་བཀའ་འགྱུར་རིན་པོ་ཆེ་གསུང་སྒྲོག་སོགས་སྐུ་རིམ་རྒྱ་ཆེར་མཛད། ཉེར་གཉིས་ལ་རྒྱལ་ཚབ་དེ་མོ་གོང་མ་རིན་པོ་ཆེ་དང། ཉེར་དགུར་རྒྱལ་ཡུམ་སྐལ་བཟང་བདེ་སྐྱིད་བུ་ཁྲིད་ཞི་བར་གཤེགས་པས་ཡབ་སྲས་ཞལ་རྒྱས་ནས་ཡུམ་མཆོག་དེ་ཉིད་ཀྱི་དགོངས་རྫོགས་སྤྱི་དང་བྱེ་