R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༠༧
[A:༣༠༧]ཀྱིས་བསགས་པའི་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཁྲི་ཚར་འགྲོ་ངེས་ཇི་སྲིད་བར་ནག་ཟླའི་ནང་མཛད་དགོས་ཀྱི་གཏོང་ཐོ་ལྷ་ཆེན་དབུ་བྱེད་ཀྱི་དེབ་ཏུ་འགོད་པར་མཛད་ཅིང། ཆོས་བྱང་པར་ནི་སྨན་བླ་སོགས་སོ། །དེ་ནས་ཚལ་གུང་ཐང་ཞེས་ཞང་གཡུ་བྲག་པའི་གདན་ས་ན། རྗེ་དྲུང་རིན་པོ་ཆེ་དྲེགས་བྱེད་ཀྱི་ཚུལ་བཟུང་བ་སྟོབས་ལྡན་དྲག་ཤུལ་དབང་པོ་ཡབ་ཡུམ་རྗེ་ཉིད་གཞོན་ནུའི་དུས་ནས་ཡང་ཡང་གཟིགས་སྣང་ལ་འཆར་བ་ཞིག་ཡོད་གསུངས་པ་དེས། གསེར་འཕྱང་ལོའི་གུང་ཐང་ཞང་མཆོད་གྲོ་བཞིན་ཚེས་བརྒྱད་ལ། ས་སྐྱ་ནས་གསེར་གྱི་སྤུ་གྲི་ཞགས་དམར། རྒྱལ་མཚན་དགུ་བརྩེགས་སེངྒེའི་མགོ་ཏོག་ཅན་དགོས་ཚུལ་བཞིན་གནང་བའི་དུས་ཚེས་དེར། ཡོང་དོན་མེད་པར་སྔ་དྲོ་མཆོད་རྟེན་བཀྲ་ཤིས་སྒོ་མང་བྱིན་ཅན་གདུགས་མེད་ཞིག་ལ་ཉམས་གསོའི་ཞལ་བཀོད་མཛད་དགོས་དང། གཤིན་རྗེ་དགྲ་ནག་གི་དཀྱིལ་ཐང། ཡང་དཀྱིལ་ཐང་ཧྲུལ་བ་ཞིག ཕོར་སྟོང་རྣམས་གློ་བུར་དུ་བྱུང་ཞིང། ཕུར་སྒྲུབ་ལ་ཕེབས་ཐོག་སྐུ་མདུན་དུ་བཙུན་མ་གཞོན་ནུ་མ་གཉིས་ཀྱིས་ས་ཤ་ཕུང་པོར་སྤུངས་པ་དང། དེ་ཉིན་ཕུར་སྒྲུབ་བཤད་ལས་པའི་ཚིག་ལ་རྗེ་རྡོ་རྗེ་འཆང་ཉིད་འགྲོ་བ་ཐམས་ཅད་ཀྱི་མགོན་པོ་ཡིན་ཚུལ་དང་། བོད་ཀྱི་གྲུབ་མཐའ་ཀུན་ས་ལུགས་ཡིན་ཚུལ་གྲས་ལ་ཞང་གཡུ་བྲག་པའང་ས་ཆེན་གྱི་ཞལ་སློབ་ཤན་རྡོར་སེང་དང། སྐྱུ་ར་ཨ་སེང་གེ་ཞལ་སློབ་ཡིན་ཚུལ་བྱུང་བ་རྣམས་ལ། རྗེ་ཉིད་ཀྱི་བཀའ་ལས། ངེས་པར་བརྟག་རྒྱུ་ཞིག་ཡོད་དོ་གསུངས། དེ་མཚམས་ནས་དར་རྩེ་མདོར་མེ་ཆུས་གནོད་པ་ནར་མར་བྱུང་བ་རྣམས་ཐུགས་