R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༠༨
[A:༣༠༨]ཀྱིས་མ་བཟོད་པར། དེ་དག་བཟློག་ཕྱིར་ཕ་སྒར་དང་ཟུར་སྤུག་གཉིས་ལ་བསྩལ་རྒྱུའི་གུར་ལྷ་བརྒྱད་འཁོར་ལོ་བཅས་དང། གསེར་ཟངས་ཀྱི་རྡོ་རྗེ་འཆང། འཇིམ་གྲུབ་རྗེ་བཙུན་གོང་མ་ལྔ། སྔགས་འཆང་ཆེན་པོ། ཨ་མེས་ཞབས་རྣམས་རིང་བསྲེལ་རྣམ་བཞི་ནང་གཟུངས་དང། ཁྱད་པར་ཡུལ་ཕྱོགས་དེར་མེ་ཆུའི་གནོད་པ་ཞི་བའི་འདོད་གསོལ་དང་བཅས་དམ་ཡེ་དབྱེར་མེད་དུ་བྱིན་གྱིས་རློབ་པར་མཛད་དེ་བསྩལ་བས་ཡུལ་ཕྱོགས་དེར་བྱོན་པ་ཙམ་གྱིས་གནོད་པ་ལས་གྲོལ་བར་གླེང་ངོ་། །དབྱུག་ཟླའི་ནང་མུས་ཆེན་ལ་དེ་མོ་རིན་པོ་ཆེའི་མཆོག་སྤྲུལ་སྐོར་ལྷ་མོ་ཤྲ་མ་ཎའི་སྒོ་ནས་བརྟག་དགོས་གསུངས་པའི་བཀའ་ལན་སྨིན་ཟླའི་བཅོ་བརྒྱད་ལ་འབྱོར་རྒྱུའི་ཐོ་རེངས་འོད་གསལ་དུ། སྐྱེད་ལྷས་ཡིན་དགོངས་པའི་བྲག་རྩེར་རྗེ་ཉིད་ནས་བྲག་འདི་ལ་གཏེར་སྒོ་གསལ་པོ་ཡོད་པའི་གོང་དེ་ནས་གཅིག་གིས་བརྐོས་ཟིན་པ་འདུག་གཤམ་འདི་ན་ཇི་འདྲ་ཡོད་དམ་དགོངས་ཤུལ་དེ་ནས་བརྐོ་བར་མཛད་པས། ལཉྫ་ནའི་ཨཱཿ་རང་བྱོན་དམར་པོ་ཞིག་དང། བརྐོས་ཟིན་ཕྱག་ན་ཡོད་པའི་རྡོ་བའི་དུམ་བུ་དེར་བོད་ཡིག་དབུ་ཆེན་གྱི་ཨཱཿདམར་པོ་ཡོད་པ་ཞིག་འཁྲུངས་པས་མུས་ཆེན་གྱི་གསུང་དང་ཆ་འདྲ་མངོན་ནོ། ། དགུང་གྲངས་ལྔ་བཅུར་བྱོན་པ་ས་ཁྱི་ནག་ཟླའི་བཅུ་གཅིག་ནས། གདུང་སྲས་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་དང་ཨེ་ཝཾ་བཟང་པོ་སྐུ་མཆེད་གསང་ཡུམ་སྒེར་པའི་སྲས་རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་སོགས་སྐལ་ལྡན་རྣམས་ལ་འཇིགས་བྲལ་སྟོབས་ཀྱི་དཔལ་ལྡན་བིརྺ་པའི་བཞེད་གཞུང་གསུང་