R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༠༩
[A:༣༠༩]ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་གྱི་གདམས་པ་ཟབ་མོ་ཚོགས་བཤད་མཁན་ཆེན་ངག་ཆོས་ཀྱི་ཡིག་སྟེང་ནས་སྔོན་དངོས་རྗེས་གསུམ་རྒྱབ་རྟེན་གྱི་ལུང་དང་བཅས་པ་དང། ནཱ་རོ་མཁའ་སྤྱོད་གུར་མགོན་བྲག་རྫོང་མ་ཕྱི་ནང་གསང་གསུམ་གྱི་ཁྲིད་ལུང་ཟུར་བཀའི་རིགས་ཀྱི་རྗེས་གནང་ཤིན་ཏུ་མང་པོ་བཅས་ཆོས་ཀྱི་རྣམ་གྲངས་རྣམ་ཐར་ཆེན་མོ་འོག་ཏུ་འཇམ་མགོན་དབང་གི་མཚན་ཅན་གྱི་ལོ་རྒྱུས་སྐབས་གསལ་བ་བཞིན་དང། ནག་ཟླའི་ཟླ་མཇུག་དར་ལྡིང་ནས་བོན་གསུམ་སྲིད་པའི་ལྟོ་སྐུ་འཛུགས་པར་བྱུང་ཞིང། དེ་ལོ་ཚོམས་ཆེན་སྐོར་ལ་དཀར་གསལ་དང། གནམ་ཡངས་སོགས་ལ་ཞབས་ཏོག་རྒྱ་ཆེར་མཛད་ཅིང། དགེ་བསྙེན་ཆོས་ཉི་བྱང་ཕྱོགས་སུ་གདན་འདྲེན་གྱིས་ཆབ་ཀླུ་སེངྒེ་སྒྲ་སོགས་ཡང་དག་གནང། སྣྲོན་ཟླའི་ཚེས་དགུ་ལ་གདན་ས་ཆེན་པོའི་དབྱར་ཆོས་ཀྱི་ཐོག འཇམ་མགོན་དབང་གི་མཚན་འཆང་ནས། ཚད་མ་རྣམ་འགྲེལ། དབུ་མ་རྩ་ཤེར། སྡོམ་གསུམ་ཁ་སྐོང་སོགས་ལ་གསུང་བཤད་གནང་ཚུལ་དང། ཆུ་སྟོད་ཚེས་བཞི་ནས་གདུང་སྲས་སྐུ་མཆེད་ལ་རྣམ་སྲས་རིགས་ཅན་བཅོ་ལྔའི་རྗེས་གནང་སྩོལ་སྐབས་དགེ་མཚན་ཇི་ལྟར་འཁྲུངས་ཚུལ། དེ་རྗེས་བླ་མ་དམ་པའི་དུས་ཆེན་ནས་དབུ་བཟུང་སྟེ་ཞག་བདུན་འགྲོ་མགོན་དཔལ་ལྡན་ཆོས་སྐྱོང་ཉིད་ལྷ་ཐིལ་དུ་རྣམ་འགྲེལ་གཞུང་སྐྱོར་པའི་ཚོགས་དབུར་ཕེབས་ཚུལ་རྣམས་ཀྱང་འོག་ཏུ་གསལ། དེ་ལོའི་ཕུར་སྒྲུབ་ལ་རྗེ་ཉིད་ནས་རྗེ་བཙུན་ས་སྐྱ་པའི་བསྟན་པ་རིན་པོ་ཆེའི་ཞབས་ཏོག་ཏུ་གོས་བཟང་དགུ་ལས་བསྐྲུན་པའི་ཕོད་ཀ རྡོ་གོང། གོས་བེམ།