R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༡༢
[A:༣༡༢]བཙའ་མུ་གེའི་གནོད་པ་ཐམས་ཅད་ལས་བསྲུང་བའི་ཐུགས་སྨོན་འདོད་གསོལ་དང་བཅས་བསྐྲུན་པར་མཛད་ནས། ས་ཆོད་ཐོག་བརྩེ་ཆེན་ལྷ་ཁང་དུ་ཕུར་སྒྲུབ་དང་སྦྲགས་ཕུར་པའི་རབ་གནས་ཀྱི་མེ་ཏོག་འཐོར་བར་མཛད། སྟོན་ཆབ་སྐབས་མ་མོར་ཆབ་བདུགས་གནང་ཞིང། སྨིན་ཟླའི་ཚེས་བཅུ་གཅིག་ལ་ཞབས་རིམ་རྒྱ་ཆེར་སྔོན་འགྲོའི་དམར་ཕྱོགས་དགའ་བ་གཉིས་པའི་སྲོད་ཀྱི་ཆ་མཁའ་འགྲོ་འདུ་བའི་དུས་ལ་གསང་ཁོག་ཏུ། བདག་མོ་སྔོ་ར་བ་འཆི་མེད་དཔལ་འབྱོར་བཟང་མོར་གྲགས་པ་འགྲོ་མགོན་དབང་གི་མཚན་ཅན་གྱི་ཁབ་ཏུ་བཞེས་ཤིང། མཚན་གྱི་མངའ་གསོལ་ཡང་རྗེ་ཉིད་ཀྱིས་བསྩལ་ལོ། །ཟླ་བ་དེ་ནང་བསྟན་དགྲ་གདུག་པ་ཅན་སྐུ་གཉེར་དུ་རྫུ་བ་ཚ་བོ་དང་བཅས་ནས་ལས་ངན་ཇི་སྙེད་ཅི་བསགས་པ་ལ་བརྟེན་དྲུག་ཅུའི་གཏོར་བཟློག་ཞིག་ཀྱང་གནང་། མགོ་ཟླའི་དགུན་ཆོས་ཐོག་རྗེ་ཉིད་ཀྱི་བཀའ་བཞིན་འཇམ་མགོན་དབང་སྡུད་སྙིང་པོའི་ཞལ་སྔ་ནས་དབུ་མ་ཐུགས་མཚོར་བཞུགས་པའི་གསུང་བཤད་ཀྱི་དགའ་སྟོན་ཡང་ལྷུག་པར་བསྩལ་ཏོ། ། དགུང་གྲངས་ང་གཉིས་སུ་བྱོན་པ་ལྕགས་བྱི་རྒྱལ་ཟླའི་ཉེར་དགུར་ཟུར་འཆད་གྲུབ་དབང་དམ་པར་བཀའ་འདོམས་ཀྱིས། རྒྱ་འདྲེའི་འཕྲུལ་གྱིས་རྟ་ནད་སོགས་སྣ་ཚོགས་མཆིིས་པ་རྣམས། མ་ཧེར་ཞོན་པའི་རྒྱ་འདྲེའི་གླུད་གཟུགས་རྫོང་ཆོག་གིས་ས་མཚམས་སྒྲོལ་བར་མཛད་དོ། །ཆུ་བྱ་རྟ་ཟླའི་ཚེས་གཅིག་ནས་བཟུང་རྗེ་རྡོ་རྗེ་འཆང་ཉིད་ནས་རྒྱུན་གྱི་ཕྱག་ཚ་མང་ཉུང་ཇི་ལྟར་རིགས་པ་ཉིན་ལྟར་འདེབས་པར་མཛད་པ་དང་། སྐབས་འགར་བཤོལ་བ་