R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༡༥
[A:༣༡༥]ནས་ཁྱོད་རང་དབང་པོ་སོགས་ན་བ་དེ་དང་དེ་སྟོན་ཅིག་གསུངས་ཏེ་ལྗགས་སྔགས་མཛད་པའི་ཚེ། དེའི་གནས་སུ་ཞལ་མཆུས་རེག་ཀྱང་སྲིད་པ་ཞི་མཉམ་གཟིགས་ཀྱི་བརྡར་གཙང་རྨེའི་ཐུགས་དོགས་ཡེ་མི་གནང་བར། ཁོ་ལ་ཕན་ན་ང་ལ་དོགས་པ་མེད་ཅེས་ཡང་ཡང་གསུངས། དབུལ་པོ་ངན་ངོན་ཅན་དག་གཟིགས་ཚེ། ང་ཁྲི་མཐོན་པོར་ཟས་གོས་གྱ་ནོམ་པར་ལོངས་སྤྱོད་པ་འདི་ལྟར་ན། ཁོ་སྙིང་རྗེ་གསུངས་ནས་ཟས་གོས་ཀྱིས་ཚིམ་པར་མཛད་པ་སོགས་འཕགས་ཆེན་བྱང་ཆུབ་སེམས་དཔའི་སྤྱོད་པ་བླ་ན་མེད་པས་རྣམ་ཀུན་འདའ་བར་མཛད་པ་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་ལས་གཞན་པའི་གཞན་དོན་རྗེས་ཆགས་ཀྱི་མཛད་པ་བེམ་པོར་སྟོན་པ་ཅི་ཞིག་དགོས། དེ་ནས་ལྷུན་རྩེ་མཁན་པོས་ཆིབས་བསུས་ཏེ་དུས་ཚོགས་ནས་ཞབས་བརྟན་ཐོག་དངོས་འབུལ་བཅས། མཁན་པོས་མདོ་རྒྱུད་ཀྱི་ལུང་འདྲེན་དང་བཅས་ཞལ་བཞེས་ཞུས་པ་ནས་བཟུང་དགོན་སྡེ་ཕལ་ཆེར་དུ། དེ་བཞིན་གནས་གཟིགས། རྒྱ་མདུད་དུ་བཞུགས་ཞག དེ་སྐབས་དབུ་གུར་སྤྲོ་ཁ་ཕྱི་གུར་སོགས་དང་། ཕྱག་གཉེར་བན་ཚང་པ་སོགས་བྱིངས་ལ་སོ་སོར་རྩིས་འཁྲིའི་གུར་བཅས་སྒར་སྒྲིགས་ཁོ་ན་ཡིན་སྐད་དང་། གནས་ས་སྣང་འཁྲིས་སུ་གཞིས་རྫོང་ངོ་མ་གཉིས་ནས་ཕེབས་བསུ་གྲ་སྒྲིག་སོགས་དང་། གངས་ཅན་གནས་གཟིགས་མཚོ་རྫས་ཀྱང་དཀར་སྤྲོ་སོགས་དང་། ལྕགས་རི་དང་ཉེ་བར་ངོར་བླ་ཁག་སོགས་ཀྱི་ཕེབས་བསུ། སྣར་ཐང་དུ་ཕེབས་ཏེ་སྤྱི་སྒེར་གྱི་རེ་སྐོང་དང་། བཀྲས་ལྷུན་དང་། བླ་བྲང་ནས་ཕེབས་བསུ་རྩེ་དྲུང་བརྒྱད་ཙམ་དང་། གཞན་ནས་ཕེབས་བསུ་