R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༡༧
[A:༣༡༧]སོགས་ཕྱི་ནང་གསང་བའི་གསུང་མཆིད་དུ་མ་སྙན་དུ་ཕུལ་བས། བཀའ་ལས། རང་རེ་གདན་ས་ནས་འཐོན་སྐབས་ཁོ་བོ་ད་ལམ་ནད་བབས་ལྕི་མོ་འདི་ལྟར་མཆིས་རུང་། གདུང་སྐུ་མཆེད་ཀྱི་དབུ་འདོན་ལ་ངེས་པར་འགྲོ་བའི་དམ་བཅའ་དེ་བཞིན་དང་། མཆོག་གསུམ་ལ་མཆོད་ཅིང་བསྙེན་བཀུར། གནས་ཁྱད་པར་ཅན་རྣམས་བསྐོར་ཞིང་དེ་དག་གི་མེ་བཙའ་གསོ་བ། ཐ་ན་མུ་ཏོ་བ་སྤྲང་པོ་ཡན་གྱི་སེམས་ཅན་ལ་ཕན་སེམས་དང་བཅས་ཉིན་མཚན་གཡེལ་མེད་མགོ་ལ་མེ་ཤོར་བ་ལྟ་བུའི་བརྩོན་འགྲུས་འདི་ཁོ་བོ་རང་གི་དམ་བཅའ་ཡིན་པས། ད་དུང་དུས་ལས་ཡོལ་མེད་བྱེད་པས་ཁྱེད་རང་ཚོ་སེམས་ལས་མི་དགོས། རིམ་དྭངས་ཡོང་ཞེས་གསུངས་ནས་སྙུན་ཚུལ་གྱི་ངལ་བ་ཁྱད་དུ་བསད་དེ་ཉིན་མཚན་གཡེལ་མེད་ལྟ་བུ་འགྲོ་དོན་ཁོ་ནར། བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པའི་ཐབས་ཆོས་རྒྱལ་ནོར་བུ་བཟང་པོའི་རྣམ་ཐར་ལ་འགྲན་བཟོད་པ་ནི་རྗེ་ཉིད་ལ་རྣམ་པ་ཀུན་ཏུ་མངའ་འོ། །དེ་ནས་བཟུང་ཕེབས་བྱམས་ལ་རྟག་པར་ཕེབས་ཏེ། སྣུམ་རིང་ཉ་མོ་དང་སེ་ཤིང་ཁ། སྣེ་བཞི་དང་། ཞང་པ་བྲག་གདོང་དུ་འབྲས་བསྐྱེད་འདུས་སྤྱི་སོགས་ནས་ཞབས་གསོལ། རིན་སྤུང་དུ་རྫོང་དཔོན་སོགས་ལ་དབང་དང་བྱམས་ཆེན་དུ་འབྱུང་འདུལ་རྗེས་གནང་སོགས་དང་། དེ་ནས་མཁར་ཚོར་བཞུགས། སང་ཉིན་ངུར་སྨྲིག་དང་ཉེ་བར་ས་ཆེན་དང་ཡུམ་གྱི་ཕྱག་རྗེས་ཕ་བོང་ལ་མཆིས་པར་ཁྲུས་གསོལ་རབ་གནས་དུས་རྗེ་ཉིད་ཀྱིས་ནམ་མཁར་གཟིགས་པས་བརྩེ་བ་ཆེན་པོ་མངོན་སུམ་བྱོན་བྱུང་གསུངས། ངུར་སྨྲིག་གཡོན་འགྲམ་གྱི་ཕ་བོང་