R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༢༡
[A:༣༢༡]ཕྱག་འདོད་ཆོས་དབང་རྗེས་གནང་བྱིན་རླབས་ལྗགས་ལུང་སོགས་དང་། ལྕང་ཅན་རང་དུ་སྦྱིན་སྲེག་སོགས་རྐྱེན་སེལ་འགའ་ཞིག་དང་དབང་རྗེས་གནང་བ། རྨེ་རུ་བཞི་སྡེ་སོགས་སུ་ཁྲོམ་དབང་། ཆེ་བཙན་ཕལ་ཆེར་ལ་ནང་དབང་གྲས་སུ་བཞུགས་པ་བཅས། ཆེ་གཉན་དེ་རྣམས་ཀྱིས་ཐོག་དྲངས་རྣམ་ཀུན་ཏུ་ཆོས་ཀྱི་གནད་གོ་བ་རྣམས་ལ་ཆོས་ཀྱི་གཏམ་དང་། ལས་བྱེད་སྣེ་མོ་བ་རྣམས་ལ་ལས་བྱེད་དེ་དང་མཐུན་པའི་གཏམ། ཚོགས་པ་རྣམས་ལ་ཚོགས་སོགས་གང་ལ་གང་འདུལ་གྱི་ཐབས་ལམ་བཟང་པོས་བསྟན་འགྲོའི་བདེ་སྐྱིད་སྤེལ་བ་དང་། བཀའ་རྩོམ་གནང་བ་ཐུགས་དམ་འོད་གསལ་དུ་འཁྲུངས་པས། ཕྱི་ནང་གསང་བའི་ལུང་། གྲུབ་པའི་ས་ལ་བཞུགས་པའི་རྟགས་སོགས་མཐའ་ཡས་སོ། །ས་གའི་ཚེས་དགུར་ལྷ་ས་ནས་ཆིབས་ཁ་བསྒྱུར་ཏེ། ཡེར་པ་གནས་གཟིགས་བཅོ་བརྒྱད་ཙམ་ཡོད་སྐབས་ནས་ཕལ་ཆེར་ལ་ཞབས་བསྐྱོད། དེའི་ཚེ་དྲིལ་བུ་ཕུག་པར་ཀླུ་དབང་སྲུང་བའི་སྐུ་གསར་བསྐྲུན་མཛད་རྒྱུའི་བཀའ་གྲོལ་དེ་ནས་འབྲོམ་སྟོད་དུ་གསུང་བསྐང་སྨིན་རྒྱས་བཞུགས། ནང་པ་མགར་གྲོང་པའི་ཐོག་ཁ་དང་གླང་ཐང་དུ་ཡང་ལྷ་བསངས། ཁྲོམ་དབང་། ཕྱི་བསྐོར་ལ་མེ་ཏོག ན་ལེནྡྲར་བཞུགས་ཞག་དྲུག་དང་། ཕུར་དབང་ཚར་གསུམ་སྒྲོལ་དབང་། ལམ་དབང་། ལྗགས་ལུང་མང་བ། གཟིམ་འོག་ཏུ་རབ་གནས་ཀྱི་སྐོར་ལ་མེ་ཆར་བསྙིལ་ཞིང་། འཇམ་དབྱངས་རྗེས་གནང་། སྡོམ་གསུམ་རབ་དབྱེའི་ལུང་། དེ་བཞིན་གཟིམ་འོག་ཏུའང་འདོད་ཆོས་འགའ་ཞིག་བསྩལ་བ་དང་དཔལ་ལྡན་རྩེར་བསྐང་འཕྲིན་རྒྱས་པ་སོགས་བསྟན་དོན་