R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༦
[A:༢༦]མཁར་མོའི་སྟེང་གི་དྲི་གཙང་ཁང་འདི་ཉིད་རྟེན་བརྟེན་པར་བཅས་གང་གི་ཡབ་རྗེ་ནས་གསར་བསྐྲུན་མཛད་པའང་ཡུམ་མཆོག་ཉིད་ཕེབས་གོང་གི་མནལ་ལམ་དེ་ཉིད་ལྐོག་གྱུར་རྗེན་གསལ་དུ་མངོན་ནོ། ། དགུང་གྲངས་བཅུ་གཅིག་ཏུ་ཕེབས་པ་ས་ལུག་ལོར་ཁའུ་སྨན་ཆབ་སྐབས། མར་ལམ་སྐྱེད་ལྷས་སུ་རྒྱབ་རིའི་བྲག་གྲུམ་ཕྱིར་འཕེན་ན་རུང་མིན་ཞུས་སྐབས་ཡབ་རྗེ་མཆོག་གི་བཀའ་ལས། ངེད་རང་རབ་གནས་བགྱིས་ན་མི་སྐྱོན་ཞེས་གསུངས་ཏེ། ཡབ་སྲས་ཞལ་རྒྱས་ནས་ཕྱག་ནས་མཛད་པས་ད་ལྟའི་བར་དུའང་མ་ལྷུང་བ་ལིང་ངེར་ཡོད་པ་འདི་ཡིན་པར་གླེང་ཞིང༌། དེ་ནས་གཞི་ཐོག་ཕོ་བྲང་གི་ཤར་རྒྱུད་ཉེན་ཆེས་པས་ཞིག་གསོས་མཛད་སྐབས་རྗེ་རྡོ་རྗེ་འཆང་ཉིད་ཨ་ལྕེ་དྲུང་ཟུང་བཅས་ལ་བཞུགས་གནས་ཤིག་གསར་བསྐྲུན་གྱིས་གྱང་ལྡེབས་དང་ཤིང་སྒྲིགས་སོགས་ལ་ཚོན་དང་མཐིལ་ཞལ་སོགས་གྲུབ་བསྟུན། ཡབ་རྗེ་མཆོག་ནས་གུར་ལྕམ་དྲལ་དང་ཞལ་གྱི་ཐུགས་འཛུགས་དང༌། གནས་སློབ་ནས་གདུགས་དཀར་རྒྱལ་མཚན་འཛུགས་ཆོག་གནང་ཞིང༌། ནང་དུ་ཉེར་མཁོའི་ཡོ་བྱད་རྣམས་འགྲིག་རྗེས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་སྐུ་ཡོན་གྱི་རིམ་པ་སྤྱི་དང༌། བྱེ་བྲག་རྒྱལ་སྲས་ལམ་བཟང་སོགས་ཐུགས་འཛིན་མཛད་པ་ཡིན། རྣམ་ཐར་ཚིགས་བཅད་ལས། བགྲང་བྱ་དགུ་དང་བཅུ་ནས་ཉེར་བཟུང་སྟེ། །ཡི་དམ་ཞི་ཁྲོའི་དུས་གྲངས་མཚན་བསྙེན་དང༌། །འཁོར་ལོ་གསུམ་ལྡན་ཁྲིར་ཕེབས་རབ་བྱུང་དང༌། །སྔགས་འཆང་དགོས་དོན་སྒྲུབ་ལ་གསོལ་བ་འདེབས། །ཅེས་གསུངས་པ་ལྟར། ས་སྐྱ་པའི་