[A:༢༧]ཡབ་ཆོས་ཁྲོ་རྒྱལ་འབྱུང་པོ་འདུལ་བྱེད་དང༌། ལྷག་པའི་ལྷ་མཆོག་བཛྲ་ཀི་ལ་ཡིའི་བསྙེན་སྒྲུབ་མཛད་ཚུལ་རྣམས་གོང་དུ་བསྟན་ཟིན་ནས། འདིར་ཆོས་ཀྱི་རྒྱལ་པོ་འཇམ་མགོན་ས་སྐྱ་པཎྜི་ཏའི་ཆོས་ཁྲི་ཆེན་པོར། ལྷར་བཅས་འགྲོ་བ་མཐའ་དག་གི་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་ཚུལ་ཅུང་ཟད་བརྗོད་པར་བྱ་བ་ནི། ས་ལུག་དབྱུག་ཟླའི་མཇུག་ལ་སྐུ་རིམ་དུ་རྒྱལ་གསུང་བཀའ་འགྱུར་རིན་པོ་ཆེ་གསུང་སྒྲོག་དང༌། དམར་ཆེན་གཏོར་བཟློག སྨིན་ཟླའི་མཇུག་ཚེས་དགེ་བར་བྱ་ཁྲ་མའི་འབྲུ་ཕུང་ལ་བསྟན་སྲིད་ཇི་མཐོར་རྒྱས་པའི་རྟེན་འབྲེལ་དུ་དར་འཛུགས་སོགས་དང༌། ཕུར་བཟློག་སྒྲུབ་ཞག་ལྔ་པ་ཞིག་ཀྱང་གནང་ངོ༌། །
དགུང་གྲངས་བཅུ་གཉིས་སུ་ཕེབས་པ་ལྕགས་སྤྲེལ་རྒྱལ་ཟླའི་ཚེས་གཅིག་ཉིན་ལྷ་མཆོད་སྔོན་འགྲོ། སྐྱབས་མགོན་ཡབ་སྲས་སྐུ་འཁོར། བན་ཚང་བླ་རིགས་སོགས་དང་བཅས། ཚོམས་ཆེན་དུ་དགའ་སྟོན་བཞུགས་གྲལ་སྔར་རྒྱུན་བཞིན་དང༌། ཚེས་གཉིས་ནས་བཟུང་རྗེ་རྡོ་རྗེ་འཆང་བན་ཚང་པའི་འཁོར་ཚོགས་དང་བཅས་པས་གཏོར་སྤོད་སྐབས་ཡོངས་གྲགས་ཀྱི་ཁག་བཞིར། ལྷ་མདུང༌། རྔ་རིལ། དར་ལྕོག་ཅན་ཁ་བཏགས་བསྟན་འགྲོའི་བདེ་སྐྱིད་དར་བའི་ཐུགས་སྨོན་བཅས་འབུལ་བར་མཛད། ཚེས་གསུམ་ནས་ཡབ་རྗེ་རྡོ་རྗེ་འཆང་ནས། མགོན་ཁང་སྟེང་འོག བདུད་འདུལ་ཕུག་སྐྱེད་བསམ་དུས་མཆོད་རྣམས་སུ། རུ་མཚོན་གསར་འཛུགས་སྐབས་རྗེ་རྡོ་རྗེ་འཆང་ཉིད་ཀྱང་ཕེབས། དེ་ནས་དངོས་གཞི་གསེར་ཁྲིར་མངའ་གསོལ་གོང༌།