R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༣༢
[A:༣༣༢]མེ་ལོང་ཞིག་གནང་བར། མཁན་གསར་ནས་འདི་ལ་ཚིགས་བཅད་ཞིག་རྩོམ་རོགས་ཞུ་གསུང་བར། རྗེ་རྡོ་རྗེ་འཆང་ཆེན་ནས། བདེ་གཤེགས་བསྟན་པའི་ལྷ་ལམ་རབ་ཡངས་པར། །ལུང་རྟོགས་ཚ་ཟེར་རྒྱས་པའི་དཔལ་ཡོན་ནས། །ཤེས་བྱའི་འདབ་བརྒྱ་འཛུམ་པའི་ཟེའུ་འབྲུའི་བཅུད། །བློ་གསལ་བུང་བའི་སྦྲང་རྩི་དམ་པར་ཤོག། །གསུང་བ་འདྲ་མོ་ཞིག་འཐེན་སོང་བས་མ་འོངས་པའི་རྟེན་འབྲེལ་ཞིག་ནི་ཅིས་ཀྱང་ཡིན་འདུག ཅེས་གསུངས། ཟླ་བ་དེ་ནང་ནས་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་འདི་ཉིད་ཀྱི་ལྷ་མཆོག་རྡོ་རྗེ་གཞོན་ནུའི་ལྗགས་བསྙེན་ལ་བཞུགས་པའི་སྐབས་སོ། ། དགུང་གྲངས་ང་གསུམ་དུ་བྱོན་པ་ལྕགས་གླང་རྒྱལ་ཟླའི་ནང་། དབུས་ཕེབས་སྐབས་བཀའ་འཕྲོས་བཞིན། འདི་གའི་སྒར་ཆེན་མཐུ་སྟོབས་དབང་ཕྱུག་གི་གདན་ས་དཔལ་རབ་གཞིས་སུ་དེ་ཉིད་སྣང་བརྙན་བྱིན་རླབས་ཀྱི་གཟི་འོད་འབར་བ་གསར་བསྐྲུན་མཆོད་ཚོགས་དང་བཅས་ཏེ། ས་ཕྱོགས་དེའི་བདེེ་སྐྱེད་ལ་ཆེད་དུ་དགོངས་པའི་ཐུགས་བསྐྱེད་དང་ཆབས་ཅིག་ཟངས་རི་གུང་བཀྲ་ཤིས་རྣམ་རྒྱལ་ལ། ཕེབས་སྐབས་བསུ་བ་སོགས་ལེགས་ལམ་གྱི་བཀའ་འདོམས་དང་བཅས་དཔལ་རབ་ཏུ་བསྩལ། རྟ་ཟླའི་ཚེས་གཅིག་ལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་ལྷ་ལྕོག་ཏུ་རྗེ་ཉིད་ཀྱིས་གསར་བསྐྲུན་གནོད་སྦྱིན་རྩིའུ་དམར་པོའི་སྐུ་གསོབ་ལ་ཞུགས་རང་བཞེས་དང་། དབོ་ཟླའི་མཇུག་ཉི་མ་རྒས་ཉེ་ཞིག་ལའང་གང་ནས་འོངས་ཆ་མེད་པའི་མེ་དཔུང་སྐད་ཆེན་ཞིག་འཐོན། ནུབ་དང་བྱང་ཕྱོགས་སུ་སོང་བའི་སྦིར་གཏམ་མང་དུ་གླེང་བ་