R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༣༣
[A:༣༣༣]སོགས་བྱུང་ཞིང་། ལྷ་རྫོང་དགོན་གསར་དུ་ཡེ་ཤེས་པའི་དགོན་གོག་བསྡུས་ཏེ། རྟེན་མཆོད་དགེ་རྒྱུན་རྣམས་མོ་དགོན་རིན་སྒང་དུ་སྦྱར་ན་ཇི་ལྟར་ལེགས། བསྟན་སྲུང་རྒྱ་མཚོར་བརྟག་ཞུ་མཛད་པ། དེ་དོན་མཛད་པ་བཟང་བབས་བཞིན་མཛད་པ་དང་། འབྲོང་རྩེ་སོགས་ནས་ཞུས་ངོར་ཀླུ་འབུམ་མང་དུ་སྒྲུབ་གནང་གིས་བསྩལ་ཞིང་། ལོ་དེར་གདུང་སྲས་འཇམ་མགོན་སྐུ་མཆེད་འཆི་མེད་བསྟན་པའི་ཉི་མ་སོགས་རྗེ་བཙུན་ཟུང་། ཐར་རྩེ་ནམ་མཁའ་འཆི་མེད་སོགས་ངོར་བླ་ཁག་གི་ཞབས་དྲུང་རྣམས་དང་། བསྟན་འཛིན་འཕྲིན་ལས། བཅོ་བརྒྱད་སྐུ་མཆེད་སོགས་ས་ལུགས་བསྟན་འཛིན་དྲག་བསྡུས་རྣམས་གཙོ་བོར་སྨོས་གཞན་ཡང་གཞིས་བྱེས་དོན་གཉེར་ཅན་འདུས་པའི་ཚོགས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་ཆོས་ཀྱི་རྣམ་གྲངས་འོག་ཏུ་དབང་གི་མཚན་ཅན་གྱི་རྣམ་ཐར་དུ་གསལ་བ་བཞིན་དང་། ནག་ཟླའི་ནང་ལྕང་ཅན་གུང་ནོར་བུ་ཕུན་ཚོགས་ནས་ཕ་དྲུག་ཁར་ཏར་རྣམ་རྒྱལ་སྐུ་འབུམ་གསར་བཞེངས་མཛད་རྒྱུའི་ཕྱག་ལེན་པ་དེ་དུས་ཀྱི་དབུ་བྱེད་ཆེ་སར། སངས་རྒྱས་ཀྱི་འཕེལ་གདུང་དབང་པོའི་གྲངས་ལྡན་གྱིས་མཚོན་རིང་བསྲེལ་རྣམ་བཞིའི་གཟུངས། འདོད་གསོལ་སོགས་གང་ཅིའི་བཀའ་འདོམས་ཀྱིས་བརྒྱན་ཏེ་ཕ་དྲུག་ཏུ་མངགས། གུང་འདི་པས་ཁོང་མིང་ཞུ་དུས་བུ་འབྱུང་བར་ཐག་གཅོད་མཛད་པ་བཞིན་བྱུང་བའི་ངོ་མཚར་བ་ཡང་ཡོད་ཅིང་། དེ་ནས་ལྷ་ཆེན་མཁན་པོ་ཆོས་བཀྲ་ཤིས་ཀྱི་དགོངས་རྫོགས་ཐུབ་དབང་གནས་བརྟན་བཅུ་དྲུག་སྦྱིན་བདག་ཧཱ་ཤང་རྒྱལ་ཆེན་བཞི་དང་བཅས་འདོད་གསོལ་ཞུས་དོན་