R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༣༦
[A:༣༣༦]པ་ཟུང་། སྐྱེ་རེ་བ། ཁང་གསར་མཆོད་དཔོན་སོགས་རྩིས་པ་རྣམས་མཐུན་གྲུབ་ཀྱིེས་ཉི་འཛིན་ཡོང་བར་ཐག་བཅད་སྒོ་ཡིག་ཀྱང་སྦྱར་ཞིང་། དོན་ལའང་བྱེད་གྲུབ་མཐུན་པར་རི་མོས་གཏན་ལ་ཕེབས་པའི་ཚེ། རྗེ་ཉིད་གྲུབ་མཚན་འཇོག་བཞེད་ཀྱི་གསུང་ལས། དེ་རིང་ཉི་འཛིན་ཡོང་བར་ཐག་ཆོད་དེ་བཞིན་ལ། རྒད་པོ་རྣལ་འབྱོར་དབང་ཕྱུག་ཏུ་ལངས་རྒྱུ་ཡིན་པས་ཁྱེད་རང་ཀུན། ཉི་འཛིན་རྩིས་པའི་སྒོ་ཡིག་དང་བཅས་པ་ལ་ལྟད་མོ་ལྟོས་ཤིག་གསུངས་པ་དང་མཉམ་དུ་ཉི་འཛིན་མི་མངོན་དབྱིངས་སུ་བྱིན་གྱིས་བརླབས་པ་སོགས་ས་ལམ་མཐོན་པོོར་བྱོན་པའི་རྟགས་འགའ་ཞིག་འདི་དུས་སྟོན་པར་མཛད། ཆུ་སྟོད་ཟླ་ནང་གོང་ས་རྒྱལ་བའི་དབང་པོ་མཆོག་ནས་ཆོས་སྲིད་ལ་བཀའ་ལུང་ཅི་དགའ་བསྒྱུར་པའི་ཞབས་ལེགས་འབུལ་བར་མཛོད་འཛིན་བཀས་གདམས་ནས་དེ་གོང་གདུང་སྲས་འཇམ་དབྱངས་སྐུ་མཆེད་ལའང་ཐམ་ག་ཆེ་ཆུང་རེ་གསར་བསྐྲུན་མཛད་པའི་ཐམ་ཕུད་ཀྱང་གོང་ས་མཆོག་དང་། འདི་དག་གིས་རྟེན་ཇི་སྙེད་ལའང་འབུལ་བར་མཛད། བཀའ་ལན་འདིར་འཁོར་སྐབས་གནང་སྐྱེས་བཟང་པོ། ཁྱད་པར་མཁའ་སྤྱོད་མའི་སྣང་བརྙན་ཛྷཻ་ཀྵིཾ་ལས་གྲུབ་པ་ཆེ་ཆུང་གསུམ་ཡབ་སྲས་རྣམ་གསུམ་ལ་དགྱེས་བསྩལ་དང་མཉམ་དུ། རྗེ་ཉིད་ལ་འཕན་ཁང་དབོན་པོ་སོགས་ནས། ནཱ་རོ་མཁའ་སྤྱོད་ཀྱི་ཁྲིད་སོགས་གསེར་ཆོས་བཅུ་གསུམ་གནང་ཁ་མ་དང་འགྲིག་པས་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་དང་འགྲིག གཞན་ཡང་ཆུ་སྟོད་ཟླ་ནང་གློ་བོ་རྒྱལ་པོ་ཕེབས། འདོད་ཆོས་དབང་བཀའ་འགའ་ཞིག་གསན་ཏེ་དངོས་འབུལ་ཡང་དག་མཛད།