R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༣༥
[A:༣༣༥]རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཟབ་མོ་སློབ་བཤད་ཀྱི་དགའ་སྟོན་སྩོལ་བར་མཛད་པ། རྣམ་ཐར་གསོལ་འདེབས་ལས། ཡོངས་རྫོགས་བསྟན་པའི་ཉམས་ལེན་གསུང་ངག་ཆོས། །སྐལ་ལྡན་གདུལ་བྱར་སྡོམ་ཚེ་ཀ་བཞི་དང་། །གདུང་བརྒྱད་ཞལ་སློབ་ལུང་བསྟན་བདག་མེད་མའི། །དབང་ཚེ་བདུད་རྩི་ཁོལ་བར་ལུད་ལ་འདུད། །གཞན་ཡང་སྣོད་ལྡན་སློབ་མར་ནང་གི་ནི། །ཕག་མོ་མིག་ལམ་རྩལ་དང་བིར་སྲུང་དུས། །ཉི་ཟླའི་འགྲོ་འོང་བཀག་སོགས་རྫུ་འཕྲུལ་གྱི། །ངོ་མཚར་མང་དུ་བསྟན་ལ་གསོལ་བ་འདེབས། །ཅེས་གསུངས་པ་ལྟར། ཆོས་ཀྱི་རྣམ་གྲངས་འོག་འཇམ་མགོན་སྐུ་མཆེད་ཀྱི་རྣམ་ཐར་བཞིན་དང་། གྲོ་བཞིན་བཅུ་བཞིའི་ཐོ་རེངས་རྗེ་ཉིད་ལ་ངོར་ཆེན་རྡོ་རྗེ་འཆང་གི་ཞལ་གཟིགས་ཏེ། ཞལ་སློབ་ཀ་བཞི་གདུང་བརྒྱད་སོགས་འབྱུང་བར་ལུང་བསྟན་དང་བཅས་དབུགས་འབྱུང་གཟེངས་བསྟོད་མཛད་པ། ཞལ་སློབ་ཀ་བཞི་གདུང་བརྒྱད་ཀྱི་ངོས་འཛིན་འོག་ཏུ་བྱུང་ཞིང་། གཞན་ཡང་གོང་དུ་བསྟན་པ་ལྟར་ཞ་ལུ་པ་འགའ་ཞིག་དང་ལོ་ཆེན་སེམས་དཔའ་ཆེན་པོ་སོགས་ལ་མཁའ་སྤྱོད་མའི་བྱིན་རླབས་ཀྱི་ཚེ་ཀཱ་པ་ལའི་བདུད་རྩི་ནང་གི་ཕག་མོའི་ཝཾ་ཡིག་རང་བྱུང་དུ་སྟོན་པར་མཛད་པ། རྗེ་ཉིད་ཀྱི་གསུང་ལས། ཚར་ཆེན་ཡབ་སྲས་གཉིས་ད་ལྟར་དཔོན་སློབ་འདིི་ཁྲོད་ན་ཡོད། ཅེས་ལུང་བསྟན་པ་དང་། བདག་མེད་ལྷ་མོ་བཅོ་ལྔའི་ཚེ་ནང་མཆོད་འཁོལ་ཞིང་ཕྱོགས་བརྒྱར་ལུད་ནས་ལག་མི་ཚུགས་པ་ལྟར་ཚ་དབལ་དང་བཅས་ཀུན་གྱི་མཐུན་སྣང་དུ་མཛད་པ་དང་། བིར་སྲུང་ཕྱི་ནང་གནང་བའི་ཚེ་གདན་སའི་རྩིས་