R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༤༠
[A:༣༤༠]མཆོད་ཡོན་བསྟན་ལར་དགོངས་པའི་བཀའ་གསང་བའི་སྐོར་སྔ་ཕྱི་ཀུན་ཏུ་མང་དུ་མཆིས་ཀྱང་འདིར་དེ་ཙམ་དང་། ནག་ཟླའི་ཉི་ཤུ་སྐོར་ལ། ཟུར་འཆད་གྲུབ་དབང་ལ་སྐུ་ཁྲུས་སོགས་འབུལ་བར་ཁྲོ་ཁང་དུ་ཕྱག་ཕེབས། དེ་ནས་སེ་དཀར་རིགས་ཀྱི་ཐིག་ལེ་འདར་སྡེ་སྲིད་བློ་གསལ་ཚེ་དཔལ་དབང་ཕྱུག་ལྟོས་བཅས་ལ། རྣམ་པ་ཀུན་ཏུ་ཐུགས་རྗེའི་རྗེས་འཛིན་གཡེལ་མེད་བཀའ་དྲིན་ཆེ་མུ་ནས་ས་གའི་ཉར། ཚར་ཆེན་རིན་པོ་ཆེའི་སྣང་བརྙན་མི་ཚད་མ་སྨན་འཇིམ་ལས་བསྐྲུན་པ་རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་ཏེ། བྱིན་རླབས་ཀྱི་ཚད་མ་ཅན་དང་། གློ་བོ་རྒྱལ་པོ་དབང་རྒྱལ་རྡོ་རྗེ་ལེགས་ལྡན་མ་ཞི་དྲག་གི་སྐུ་དང་། ས་བཅུད་འཕེལ་བའི་བུམ་གཏེར་བརྒྱ་རྩ་བྱིན་རླབས་ཀྱི་མཚན་མས་ཕྱུག་པ་རྣམས་ཐུགས་བརྩེ་བ་ཆེན་པོས་བསྩལ་བས། རྒྱལ་པོ་དགྱེས་པའི་རྩེར་སོན་ཏེ་སཱ་ལུ་འབྲས་དཀར་ཁལ་མང་པོ་དང་། གཟིག་བཅས་ཕུལ་བའི་གཟིག་ནི་བསམ་ཡས་ཆོས་སྐྱོང་ལ་འབུལ་བར་མཛད་དོ། །སྣྲོན་ཟླའི་ཚེས་གཅིག་ནས་བཟུང་ཆོས་སྡེ་བྱང་པ་འགའ་ཞིག་གིས་གསོལ་བཏབ་བཞིན་སྤྲུལ་པའི་ལྷ་ཁང་ཆེན་མོའི་ཐུབ་ཆེན་དར་བཞེས་མའི་དྲུང་དུ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཟབ་མོ་ཚོགས་བཤད་འཆད་ཐང་ལྔ་པའི་ཞལ་སློབ་ཀྱི་གཙོ་བོ། གང་གི་རིགས་སྲས་དམ་པ་འཇམ་མགོན་ཨེ་ཝཾ་བཟང་པོས་གཙོ་མཛད། ཡར་ཀླུངས་མཆོག་སྤྲུལ་སོགས་པ་ལུང་བསྟན་འཛིན་དྲག་བསྡུས་རྣམས་དང། ཆོས་སྡེ་ཉི་ཟླ་རྣམ་གཉིས་ཕལ་མོ་ཆེ། ཐུབ་བསྟན་པ། གསེར་ཅན་པ། འབྲས་ཡུལ་སྐྱེད་ཚལ་པ། ཆོས་ལྷུན་པ་སོགས་