[A:༢༨]རྒྱལ་སྲས་ལམ་བཟང་གི་གསུང་བཤད་ཀྱི་དགའ་སྟོན་སྩོལ་བར་སྐུ་ན་ཕྲ་སྐབས་ཐུགས་སྤོབས་སྦྱོང་ཕྱིར་དུ། གནས་སློབ་ནས་ཞབས་བསྐུལ་ཞུ་དོན་བཞིན། གཞི་ཐོག་བླ་བྲང་གི་ཤར་གྱི་ཉེ་འདབ་ཁང་གསར་བསོད་ནམས་དཔལ་འབྱོར་གྱི་གླིང་དུ་གྲགས་པར། གང་གི་སྐུ་མཆེད་འཇམ་མགོན་གཅུང་རིན་པོ་ཆེ་དང༌། ཨ་ཎི་དྲུང་ཡུམ་མཆོག རྗེ་བཙུན་དྲུང་གསུམ། གནས་སློབ། གསོལ་གཟིམ་སོགས་བཅུ་ཕྲག་བརྒལ་ཙམ་ལ། ཚོགས་ཆེན་མོར་ཇི་ལྟར་སྩོལ་བ་བཞིན་བཤད་ལུང་ཉིན་གསུམ་མ་ཞིག་བཀའ་དྲིན་ཆེ་བ་ནི། སྐུ་ཚེ་འདི་ཉིད་དུ་ཆོས་འཆད་མཛད་པའི་ཐོག་མ་དང༌། ཟླ་དེའི་ཉེར་གསུམ་ལ་འཆམ་མགོན་བཅུ་དགུ་གདན་འདྲེན་ཟབ་པ་བཅས་ཚོགས་ལ་ཡབ་སྲས་ཟུང་ཕེབས། ཉེར་ལྔར་བསྙེན་ཆས་ལྷ་ཁང་རྡོ་གཅལ་དུ་མཛད། ཉེར་བརྒྱད་ཉིན་ལས་མཁན་རུ་འདྲེན་བཅས་ཀྱི་གར་འཆམ་རྔམ་བརྗིད་དང་ལྡན་པ་ཀུན་གྱི་ཡིད་འཕྲོག་པ་དང༌། ཉེར་དགུར་གཏོར་ཟོར་འཕངས་ནས། གནམ་གང་ལ་ཆོས་སྲུང་རྣམས་ལ་གཏང་རག་འཕྲིན་འཆོལ་ཟུང་འབྲེལ་གྱི་བསྐང་བ་བརྒྱ་ཚར་གྲགས་པ་དང༌། ཧོར་ཟླ་དང་པོའི་ཚེས་གཅིག་ལ་མགོན་པོ་མངའ་གསོལ་རྒྱས་པར་མཛད་རྗེས་གཞི་ཐོག་ཕོ་བྲང་གི་ཚོམས་ཆེན་མོར། སྐྱབས་མགོན་དམ་པ་ཡབ་སྲས་དཀོན་མཆོག་གི་གྲངས་ལྡན་གྱི་དབུ་གཡས། ཆོས་གྲྭ་ཉི་ཟླ་ཟུང་གི་བྱ་བ་ལས་ཀྱི་སྣེ་མོ་བ། གཞུང་ས་ཆེན་པོ་སོགས་ནས་ཁྲི་འདོན་གྱི་ལེགས་སྐྱེས་འབུལ་མི་སྐུ་ཚབ་སོགས་སེར་སྐྱ་མཆོག་དམན་འོས་བབས་རྣམས་ལ་ལོ་གསར་གྱི་དགའ་སྟོན་གྱ་ནོམ་པ་བསྟར་ཞིང༌། ཚེས་