[A:༢༩]གཉིས་ནས་བཟུང་ཉིན་གསུམ་ལ་གསེར་ཁྲིར་མངའ་གསོལ་དངོས་གཞིའི་དགའ་སྟོན་སྔ་མ་གཉིས་ཀྱི་ཚེ་ཡབ་རྗེ་མཆོག་ནས་གཞི་ཐོག་ཕོ་བྲང་གི་ཡང་སྟེང་དུ་ལྷ་བསངས་དང༌། དེ་ནས་སྔར་སྲོལ་ལྟར་བཅའ་སྒྲིག་སྔོན་དུ་བཏང་ནས། ཉིན་དང་པོ་ལ། རྒྱལ་བ་ཟས་གཙང་སྲས་པོས་ཆོས་འཁོར་བསྐོར་བའི་ཆོས་དུང་དཀར་པོ་རྒྱང་གྲགས་ཉི་རྩེ་ལ་གསུང་བསྐུལ་གྱིས་མཁས་པ་ཟིལ་གནོན་རྣམས། འཁོར་ལོ་གསུམ་ལྡན། ཆོས་ཁྲི་ཐང་མོ་ཆེ་སོགས་མཚན་མཆོག་གསུམ་ལྡན་གྱི་གསེར་ཁྲི་རིན་པོ་ཆེའི་མདུན་དུ། ཆོས་གྲྭ་རྣམ་གཉིས་ཀྱིས་གཙོས་སྡོམ་བརྩོན་སྡེ་སྣོད་འཛིན་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་གྲལ་གྱི་གཞིར་བཟུང༌། སྐྱ་སེར་ཁྲི་ཕྲག་ལངས་པའི་ཚོགས་ཀྱི་ཁྲོད་དུ། སྲིད་ཞིའི་གཙུག་རྒྱན་འཇམ་མགོན་མི་སྲིད་བཟུང་བ་སྐུ་མཆེད་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང༌། ལྟ་བས་ཆོག་མི་ཤེས་པ་སྐུ་འཁོར་དང་བཅས་པ་རྣམས་འཕགས་པ་རྟ་ཐུལ་ལྟར་སྤྱོད་ལམ་དུལ་ཞིང༌། ཚངས་པའི་རྒྱལ་པོ་ལྟར་བློ་གྲོས་དང་ལྡན་པའི་སྒོ་ནས་ཕྱག་ལེགས་པར་ཕེབས་ཏེ། གསེར་ཁྲི་རིན་པོ་ཆེར་སྐུ་གསུང་ཐུགས་འགྱུར་པ་མེད་པ་ལྷན་ནེ་ལྷང་ངེ༌། ལྷམ་མེར་ཕེབས་བསྟུན་གསུང་རབ་ཀློག་པ། མཎྜལ་འབུལ་བ་སོགས་སྔར་རྒྱུན་གྱི་ཕྱག་ལེན་བཞིན་གྲུབ་འཕྲལ། གཉིས་མེད་གསུང་བ་དོན་ཀུན་གྲུབ་ཀྱིས་རིགས་ཅན་གསུམ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ཇི་ལྟ་བར་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་སེམས་བསྐྱེད་གསལ་འདེབས་ནས་བརྩམས། འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་དབུས་གཙང་ཁམས་གསུམ་དུ་ཚོགས་ཆོས་སུ་ལེགས་པར་