R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༤༩
[A:༣༤༩]བྱང་གསུམ་ལ་སྤེན་བད་གསར་སྒྲོན། ལྷོ་ཁ་གསོ་མཐའ་བསྐོར་ལྕགས་རི་ཅོག་བཅས་ཀྱི་སྤང་བད་སྤེན་བད་དུ་བསྒྱུར་བ་དང་། ཐུགས་རྟེན་ཁྱད་མཚར་འཛམ་གླིང་འོད་གསལ་བསྐྲུན། སྔ་ན་མེད་པའི་ཐར་པའི་ཁང་བཟང་གི་རྩེར་བགྲོད་པའི་སྐས་རིང་རྨད་བྱུང་རྫུ་འཕྲུལ་གྱིས་བཀོད་པ་འདི་ཉིད་དང་། འགྲོ་ཀུན་མ་རིག་པའི་གཉིད་ལས་སློང་བའི་ཆོས་ཀྱི་དུནདུབྷིཿ རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྣང་བརྙན་བྱིན་རླབས་ཀྱི་གཟི་བརྒྱ་འབར་བ། རྗེ་ཉིད་ཀྱི་རྩ་བའི་བླ་མ་དམ་པ་ཡབ་རྗེ་རྡོ་རྗེ་འཆང་དང་འཇམ་མགོན་གནས་གསར་བ་ཆེན་པོའི་སྣང་བརྙན་སོགས་མཐའ་ཡས་པ། གསེར་ཁྲི་ཆེན་མོ་ཤིང་བརྐོས་ངོ་མཚར་ཅན་ཀུན་གྱི་མིག་གི་བདུད་རྩིར་གྱུར་བ་འདི་སོགས་སྤྲུལ་པའི་དྲི་གཙང་ཁང་འདི་ཉིད་ནང་བཞུགས་པ་དང་། གཞན་ཡང་གོང་དུ་སྨོས་པ་བཞིན་ས་ཚོགས་སུ་ཆོས་ཁྲིམས་མཁས་པ་ཟིལ་ནོན་འཕགས་པ་རིན་པོ་ཆེའི་ཕྱི་རྟེན་འབུམ་ཐང་། ཞལ་གྲོ་ལྷ་ཁང་རྣམས་ཀྱི་སྔོན་མ་གཉིས་ལ་ཉམས་གསོ་ཕྱི་མ་གསར་བཞེངས་རྣམས་ཀྱི་རྩེར་གསེར་ཟངས་ཀྱི་རྒྱ་ཕིབས་རིན་ཐང་ཅན་ཀུན་གྱི་མིག་སྔར་མཛེས་པ་འདི་དག་དང་། གསེར་སྲང་དུ་མ་ལས་བསྐྲུན་པའི་གསེར་གྱི་འདྲེན་ཆས་དཀར་བཏེགས་བཟེད་ཞལ་བཅས་པ་གསུམ། གསེར་ལྟིར་གསེར་བུམ་ཟུང་དང་། གསེར་གྱི་མཎྜལ། གསེར་གྱི་ཕུད་ཕོར་ཕུད་དམ་སོགས། གསེར་ཆས་ཁོ་ན་སྨོས་ཀྱིས་མི་ལངས་པ་རྣམས་དང་། གདུང་རབས་ཆེན་མོ་དང། བླ་ཆེན་འཕགས་པ་རིན་པོ་ཆེའི་རྣམ་ཐར་ཐང་ཀ་ངོ་མཚར་ཅན་གྱིས་མཚོན་ཐང་ཀ་གྲངས་དང་ཚད་ལས་འདས་པ་ཞིག་དང་གཙུག་