R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༥༠
[A:༣༥༠]ལག་ཁང་ཉམས་གསོ་གསར་བཞེངས་སོགས་གོང་ལོ་ཁམས་སོ་སོའི་རྣམ་ཐར་གྱི་གསེབ་ཚགས་ནས་ཐོན་པ་རྣམས་དང་མ་འཁོད་པ་ཡང་མང་དུ་སྣང་བ་སོགས་དང་། མདོ་སྔགས་ཆོས་སྡེ་རྣམ་གཉིས། མཛོད་གཉེར་སོགས་དྲུང་རིགས། རྩེ་གསོལ་དམངས་གསུམ་གྱི་ཐབ་ཁ་བ། རུང་ལྷོ་བྱང་། དྲུག་ཅུ་ཐིལ་པ་ཚུན་གྱི་སོ་སོའི་བྱེད་སྒོ་བཅའ་ཡིག ཆོས་སྡེ་ལྷོ་བྱང་སོ་སོའི་འདུས་ཚོགས་སུ་ཆོས་སྤྱོད། སྒྲུབ་མཆོད། བསྐང་བ་གཏོར་བཟློག་ཁག་ལ་སོགས་པ་འཕགས་ཆེན་བླ་མ་གོང་རྣམས་ཀྱི་ཕྱག་ལེན་འཁྲུལ་མེད་ཇི་ལྟར་བྱ་ཚུལ་གྱི་ཕྱག་དེབ་དང་། ཕྱག་གཉེར་སོགས་ལས་ཁུངས་ཁག་རྣམས་ལ། དེ་དག་ལ་བསྙེན་བཀུར་ཇི་ལྟར་བྱ་ཚུལ་སོགས་མཆོད་རྒྱུན་ཁག་གི་གཏོང་དེབ་དང་ཡོངས་སྡུད་ཀྱི་དེབ་ལ་སོགས་པ་དང་། གཞན་ཡང་གཙུག་ལག་ལ་ཁང་རྒྱ་ཆེ་གྲངས་མང་རྣམས་ཀྱི་རྩིས་ཁྲའི་དེབ་དང་། ལོ་ཟླའི་མཆོད་རྒྱུན་ཞུ་དེབ་ལ་སོགས་པ་དམུས་ལོང་མིག་ཕྱེ་བ་ལྟ་བུས་དཀྲིས་ཆར་བརྗོད་གཙང་གི་དེབ་རིགས་སོགས། མདོར་ན་དེ་སྐབས་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་འཕེལ་ཞིང་། ཞབས་འབྲིང་པ་རྣམས་ཕྱར་བ་ཟུར་འདེགས་ཀྱི་གཞུང་བསམ་ཆེ་བས་སྟོབས་འབྱོར་རྒྱས་པ། མངའ་ཞབས་མི་སེར་རྣམས་ཀྱང་འབྱོར་ཕྱུག་ཁོ་ན་སོགས་ས་སྐྱ་པས་ཁྲི་འཁོར་བཅུ་གསུམ་དབང་བསྒྱུར་ཟིན་ནས། དུས་ཕྱིས་ང་ཆེ་ང་བཙན་གྱི་ང་རོ་འབྱིན་པ་མང་། ཆོས་སྲིད་གཉིས་ཆར་གྱི་ཕུན་སུམ་ཚོགས་པ་འདི་ལྟ་བུ་ནི་ད་ཕན་ལ་ནི་སུ་ཡང་མ་བྱུང་འདུག་པས་སོ། །