R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༦༤
[A:༣༦༤]ཀྱཻ་རྡོར་དང་ཀུན་རིག་གི་སྒྲུབ་མཆོད། ཆོས་སྡེ་ལྷོ་བྱང་འདུས་ཚོགས་རེས་སྐོར་གྱིས་ཀུན་རིག་བདེ་ཀྱཻ་གསང་གསུམ། འཇིགས་བྱེད་ཕུར་པ་གུར་དྲག་སོགས་ཀྱི་སྒྲུབ་མཆོད་དང་ཡང་ཆོས་སྡེ་རྣམ་གཉིས། ཆོས་ལྷུན། རིན་སྒང། སྔགས་དྲུག་སོགས་ནས་བདུན་ཕྲག་གཉིས་ཀྱི་རིང་བླ་མཆོད། སྨོན་ལམ། གསོལ་འདེབས་ལེ་ཚན་རྣམས་ལ་རྟག་འགྲུས་སོགས་དགོངས་པ་ཟབ་མོ་རྫོགས་ཐབས་རྒྱ་ཆེ་རྒྱུན་འཁྱོངས་སུ་མཛད་སྐབས་སྤྱི་སྒེར་ནས་བསྙེན་བཀུར་ཟབ་པ། མང་ཇ་བརྒྱ་མཆོད། སྟོང་མཆོད། སྙན་ཤལ་སོགས་གྲངས་བསྩལ་ཞིང། དགུང་ཞག་ཐིམ་ཉིན་ཀྱང་རྩེ་ཤོད་ནས་མཆོད་པ་བསྙེན་བཀུར་བླ་ན་མེད་པ་སོགས་མཛད་སྐབས་རྣམས་སུའང་ནམ་མཁའ་དྭངས་ཤིང་འཇའ་འོད་འཁྱིལ་བ་དང། མེ་ཏོག་གི་ཆར་ནི་རྟག་པར་ཁོར་མོ་ཡུག་དང་ལོ་ལྟར་དུས་དྲན་གྱི་ཐོག་ཏུའང་འབབ་པར་བྱེད་དོ། །གཞན་ཡང། དབུས་གཙང་མངའ་རིས་ལྷོ་ཕྱོགས་དང་བཅས་པའི་གྲུབ་མཐའ་རིས་མེད་དགོན་བཞི་བརྒྱ་བརྒལ་ཙམ་ལ་མང་ཇ། བསྔོ་རྟེན། སྤྱི་འགྱེད་དངུལ་སྲང་བརྒྱ་དང་ལྔ་བཅུ་རི་བ་ནས་གཉིས་གསུམ་རི་བའི་བར་དུ་འདུས་པ་མང་ཉུང་དང་བསྟུན་པ་དང། ངོར་གོང་མུས་བཀྲ་ཤིས་ཆོས་སྡེ་སོགས་རང་ལུགས་ཀྱི་དགོན་ཆེན་འགའ་ཞིག་ཏུ་དམིགས་བསལ་གྱི་དགོངས་རྫོགས་སྒྲུབ་མཆོད་དགོས་ཆ་ཡོན་སོགས་བཟང་པོར་བསྟབས་ཤིང། གཞན་ཡང་རྒྱལ་དབང་རིན་པོ་ཆེར་གཙོས་ལྡན་གྱི་ཚན་བཅུ་གཉིས། ཁྲི་ཆེན་ལ་དེ་བཞིན་བརྒྱད། བསྟན་རྒྱས་གླིང་དུ་མཆོག་སྤྲུལ་རིན་པོ་ཆེར་བཞི། བཀའ་ཤག་ལྷན་དུ་དེ་བཞིིན། ཕུར་ལྕོག ལོ་