R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༦༩
[A:༣༦༩]མར་པ་ལོ་ཙཱ་བགྱིས་པའི་འཕེན་ཤུགས་ཀྱིས། །ད་ལྟ་རས་རྐྱང་སྤྱོད་འདོད་འདི་འདྲ་བྱུང་། །ཀུན་རིན་ལུས་བླངས་འཕེན་ཤུགས་མ་རྫོགས་པས། །ད་ལྟ་དཀའ་སྤྱད་སྡུག་འཁུར་འདི་འདྲ་བྱུང་། །སྒར་ཆེན་ལུས་བླངས་འཕེན་ཤུགས་མ་རྫོགས་པས། །ད་ལྟ་འགྲུལ་ལ་འདོད་པ་འདི་བཞིན་བྱུང་། །བསོད་ནམས་རིན་ཆེན་སྐྱེས་པའི་བག་ཆགས་ཀྱིས། །ད་ལྟ་ལུས་གཅོང་ཆེ་བ་འདི་འདྲ་བྱུང་། །གོང་སྨོས་ཀུན་གྱི་སྐྱེ་བ་ཡིན་ཁུལ་གྱིས། །ཡིན་ཡིན་མང་པོ་ཁས་ལེན་སྨྱོན་པ་ངེད། །ཞེས་གསུངས་པ་ལྟར། ཐུགས་དམ་འོད་གསལ་གྱི་ངང་དུ་མཉམ་པར་བཞག་པ་ལས། བླ་མ་དང་ཡི་དམ་གྱི་ལྷ་ཡི་ལུང་བསྟན་པ་བཞིན་དོན་ལ་གནས་པ་ཡིན་ཏེ། སྔོན་བྱོན་སྔགས་འཆང་ཆེན་པོ་དང་ཨ་མེས་ཞབས་སོགས་སྐྱེས་ཆེན་དམ་པ་དུ་མས་འཁྲུངས་རབས་དུས་མཚུངས་དང་། མ་མཚུངས་པའི་རྒྱ་བོད་ཀྱི་མཁས་གྲུབ་ཕལ་ཆེ་བའི་སྐུ་སྐྱེ་ཡིན་ཚུལ་གསུངས་པ་སོགས་དང་ཚུལ་མཚུངས་པར་སེམས། ད་ལྟའི་སྐུ་སྐྱེ་བ་འདིར་ས་ཆེན་ཀུན་བློས་དགུང་གྲངས་ཉེར་དགུ་ཙམ་ནས་ཁབ་བཞེས་མཛད་དེ། གདུང་རབས་མྱུར་བྱོན་གྱི་སྐུ་རིམ་ཐབས་དང་རྟེན་འབྲེལ་དུ་མ་གནང་ཡང་ལོ་གཅིག་ལྷག་ཙམ་ལ་གསང་ཡུམ་བགྲེས་པ་སྐུ་གཤེགས། སླར་ཡུམ་གྱི་སྐུ་མཆེད་ཆོས་ལུང་མ་ཆུང་བ་ཁབ་བཞེས་ཀྱིས་རིང་མིན་ནས་ཡབ་རྗེ་ཀུན་བློས་འོད་གསལ་གྱི་གཟིགས་སྣང་ལ་རྒྱལ་ཡུམ་ཉིད་དང་ལྷན་དུ་བརྩེ་ཆེན་ལྷ་ཁང་དུ་ཕེབས་སོང་བར། གཟིམ་ཆུང་གི་སྒོ་འགག་དེ་ན་རྣལ་འབྱོར་པ་རུས་པའི་རྒྱན་ཅན་བག་དྲོ་བ་ཞིག་བཞུགས་འདུག་པ་དེས་སྣ་དྲངས། བརྩེ་ཆེན་ལྷ་ཁང་ས་ཆེན་