R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༦༨
[A:༣༦༨]རར་གྲགས་པ་འདི་ལྟ་བུ་གཟིགས་ཏེ་ལུང་བསྟན་དུ་མ་བརྙེས་པ་ཡིན་ཏེ། ཉིད་ཀྱི་གསུང་ལས་ཀྱང་། མགོན་པོའི་ལྷོ་ནུབ་མཚམས་ནས་གདན་དྲངས་པའི། ཞེས་དང་། གཞན་ཡང་ཐུགས་དམ་འོད་གསལ་སོགས་སུ་ལུང་བསྟན་སྔོན་གནས་རྗེས་དྲན་གྱི་སྐུ་སྐྱེ་དུ་མར་ཞལ་གྱིས་བཞེས་པ་ཡིན་ཏེ། ཉིད་མཛད་རྣམ་ཐར་ཞལ་གསུང་མ་ལས། ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །མཐུ་སྟོབས་དྲག་རྩལ་ཡང་སྙིང་ཀུན་གྱི་བཅུད། །གཅིག་བསྡུས་གདོད་ནས་རང་གྲོལ་རྣལ་འབྱོར་པ། །ངག་དབང་དཔལ་ལྡན་ཆོས་སྐྱོང་ཞེས་གྲགས་པའི། །སྐྱེས་མཆོག་དཔལ་བོ་སྔོན་ཚེ་འཕགས་ཡུལ་དུ། །རྣམ་འདྲེན་ཀུན་བློའི་ཞལ་བཞེས་ལུང་བསྟན་ལྟར། །གྲུབ་ཐོབ་གུཧྱའི་ལུས་བླངས་བག་ཆགས་ཀྱིས། །ད་ལྟ་ཐམས་ཅད་བརྡུང་བཙོག་འདི་འདྲ་བྱུང་། །གྲུབ་ཆེན་ནག་པོ་སྤྱོད་པ་ཞེས་གྲགས་པས། །བླ་མའི་བཀའ་བཅག་སྤྱོད་པ་མང་དུ་བྱས། །དེ་ཡི་ལས་ཀྱིས་ད་ལྟ་སྨྱོན་པར་སྐྱེེས། །གཞན་ཡང་ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི། །ལས་སུ་བླངས་པའི་ཤུགས་ཀྱིས་ད་ལྟ་ཡང་། །འཛིན་ཆགས་སེར་སྣ་མི་ཤེས་ནོར་རྫས་འཐོར། །སྔོན་ཚེ་ཕྲུ་གུ་མིང་སྲིང༌བུད་མེད་རྣམས། །སྦྱིན་པར་བཏང་བའི་དགེ་བའི་འཕེན་ཤུགས་ཀྱིས། །ད་ལྟ་རིང་མྱུག་ལྕི་སོགས་མང་དུ་བྱུང་། །གཉའ་ཁྲི་བཙན་པོ་ལུས་བླངས་བག་ཆགས་ཀྱིས། །ད་ལྟ་འགྱོགས་བྱམས་འདོད་པ་འདི་འདྲ་བྱུང་། །པདྨ་འབྱུང་གནས་སྤྲུལ་པ་ཡིན་ཁུལ་གྱིས། །ད་ལྟ་ལྷ་འདྲེ་ཀུན་གྱིས་བརྫི་མི་ནུས། །གྲགས་པ་རྒྱལ་མཚན་ལུས་བླངས་འཕེན་ཤུགས་ཀྱིས། །ད་ལྟ་ཕྱུ་བ་གྱོན་འདོད་འདི་བཞིན་བྱུང་། །